ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གིས་འབྲེལ་ཡོད་ས་ཁོངས་སུ་འཐབ་འཁྲུག་སྦྱོང་བརྡར་བྱེད་མགོ་བརྩམས་ཡོད་ཟེར།
བསྒྲགས་པ་ལྟར་ན། པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གི་ཉིས་སྟོང་ཉེར་གསུམ་ལོའི་སྦྱོང་བརྡར་འཆར་གཞི་ལྟར་ན། ཐེངས་འདིའི་འཐབ་འཁྲུག་སྦྱོང་བརྡར་དེ་ཟླ་དྲུག་པའི་ཚེས་ལྔ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་པའོ་ལོ་ཏི་མཚོ་ཁོངས་དང་ཅཱ་ལི་ཉིང་ཀི་ལེ་མངའ་སྡེའི་འཐབ་འཁྲུག་སྦྱོང་བརྡར་ར་བ་ནས་སྤེལ་རྒྱུ་ཡིན་པ་དང་། དམག་མི་སྟོང་གསུམ་དང་ལྔ་བརྒྱ་ལྷག་དང་། སྐོར་གཡེང་གྲུ་གཟིངས་དང་འགོག་སྲུང་གྲུ་གཟིངས། འཕུར་མདའ་ཅན་གྱི་མྱུར་བགྲོད་གྲུ་གཟིངས་སོགས་འདུས་པའི་གྲུ་གཟིངས་བཞི་བཅུ་དང་། གནམ་གྲུ་དང་གྱེན་འཕུར་གནམ་གྲུ་ཉེར་ལྔ། དེ་མིན་དམིགས་བསལ་གྱི་དམག་དོན་སྒྲིག་ཆས་ལྔ་བརྒྱ་ཙམ་འཐབ་འཁྲུག་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གི་དམག་དོན་བཀོད་འདོམ་ཚོད་འཛིན་ལས་ཁུངས་ཀྱི་དམག་གྲབས་ཆུ་ཚད་མཐོར་འདེགས་དང་། གྲུ་གཟིངས་རུ་ཁག་གི་མི་སྣའི་འཐབ་འཁྲུག་ནུས་ཚད་ཇེ་ཆེར་གཏོང་བ། བཀོད་འདོམ་པུའུ་ཡི་དམག་དཔུང་དོ་དམ་ཚོད་འཛིན་གྱི་ལག་ལེན་ནུས་པར་ཤུགས་སྣོན་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་ལ། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་མཚོ་ཐོག་རྒྱུ་ལམ་དང་གྲུ་གཟིངས་སྡོད་སར་སྲུང་སྐྱོབ་བྱེད་པ་སོགས་འདུས།
བསོད་ནམས་ཚེ་རིང་གིས་བསྒྱུར།