སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་ཚོགས་ཆེན་ཚེས་ལྔ་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་ཚོགས་མགོ་བརྩམས། ཚོགས་ཆེན་ནས་གཙོ་བོ་ཁག་ཁུར་ཐུབ་པའི་སྡོད་ཁང་དང་། གྲོང་ཁྱེར་གྱི་ནམ་ཟླའི་འགུལ་སྐྱོད། གྲོང་ཁྱེར་གྱི་ཉམས་ཉེན་ཐག་གཅོད། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་ས་གནས་རང་ཅན་དུ་བསྒྱུར་བ། རིམ་པ་མང་བོའི་བཅོས་སྐྱོང་དང་ནོར་སྲིད། དར་རྒྱས་སོགས་ཀྱི་གྲོས་གཞི་གནད་དུ་བཟུང་ཡོད།
སྐབས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་ནི་དཀྱེལ་ཡངས་དང་ཕན་ནུས་ལྡན་པའི་ཕྱོགས་མང་རིང་ལུགས་ལ་བརྟེན་ནས་རྒྱུན་མཐུད་ཐུབ་པའི་གྲོང་ཁྱེར་གྱི་མ་འོངས་པ་མངོན་འགྱུར་བྱེད་པ་སྟེ། འཛམ་གླིང་ཡོངས་ཀྱི་ཉམས་ཉེན་དུས་རབས་སུ་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཅེས་པ་དེ་རེད། ཚོགས་ཆེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གི་བྱ་འགུལ་ལ་གྲོས་ཞིབ་བྱེད་པ་དང་། གྲོང་ཁྱེར་གྱི་གྲོས་རིམ་གསར་བ་དང་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་ལག་བསྟར་གནས་ཚུལ་ལ་གྲོས་ཞིབ་བྱེད་པ། འཛམ་གླིང་གྲོང་ཁྱེར་གླེང་སྟེགས་ཀྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་ཚོགས་ཀྱི་དམིགས་བསལ་བརྗོད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་མ་ཟད། མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གི་དུས་སྐབས་དང་པོའི་འཐབ་ཇུས་འཆར་གཞི་ལ་གྲོས་བསྡུར་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གི་ཀྲུའུ་རིན་ཞེ་ལི་ཧྥུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། དེང་སྐབས་འཛམ་གླིང་ཉམས་ཉེན་མང་བོར་འཕྲད་ཡོད་ཅིང་། ནམ་ཟླའི་འགྱུར་ལྡོག་དང་ཁོར་ཡུག་སྦགས་བཙོག སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉམས་དམས་སོགས་ལས་རྒྱལ་ཁབ་དང་ས་ཁུལ་བར་གྱི་འདྲ་མཉམ་མིན་པའི་སྣང་ཚུལ་སྔར་ལས་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་མི་ཐེར་འབུམ་གསུམ་ཙམ་སྡོད་ཁང་དཀོན་པའི་གནད་དོན་ལ་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གིས་དེའི་ཆེད་དུ་སྡོད་ཁང་འདང་ཚིམས་པར་བྱེད་པ་དང་ནམ་ཟླའི་བབ་བསྟུན། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་ས་གནས་ཅན་དུ་བསྒྱུར་བ། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྱི་ཉམས་ཉེན་དོ་དམ་དེ་བྱ་བ་གཙོ་བོའི་གྲས་སུ་འཇོག་རྒྱུ་ཡིན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། ཉིས་སྟོང་སུམ་ཅུ་ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཕྱེད་ཀ་འདས་པ་ཡིན་ཡང་། འཛམ་གླིང་ཡོངས་སུ་སྔར་བཞིན་ཉམས་ཉེན་གང་སར་གནས་ཡོད་ཅིང་། འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་སོང་བ་ལས་གནོད་འཚེ་རང་བཞིན་གྱི་ཤུགས་རྐྱེན་འབྱུང་བཞིན་ཡོད་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་སེལ་གྱི་འཕེལ་རིམ་ལ་བར་ཆད་བཟོས་ཡོད། དེ་ཡོད་ཚད་བསྒྱུར་དགོས་ན་གྲོང་ཁྱེར་ནི་གནད་འགག་གི་འཐབ་ར་ཡིན་པ་དང་། དེའི་ཞོར་དུ་གསོན་ཤུགས་སླར་གསོ་དང་སྔར་ལས་བཟོད་སྒོམ་རང་བཞིན་ལྡན་པའི་ཕྱོགས་མང་རིང་ལུགས་ཀྱིས་གྲོང་ཁྱེར་གྱི་འཕེལ་རྒྱས་ཐད་ནུས་པ་འདོན་སྤེལ་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།
ཉིན་དེའི་ཕྱི་དྲོར། ཀྲུང་གོའི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ནེ་ཧོང་གིས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། འཛམ་གླིང་རང་བཞིན་གྱི་ཉམས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་པར། སྔར་ལས་བདེ་ཐང་དང་སྔར་ལས་བདེ་འཇགས། སྔར་ལས་འཚོ་སྡོད་ལ་ཕན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོས་སྔར་བཞིན་དུ་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིི་དང་གྲོང་ཁྱེར་གསར་བའི་འཕེལ་རིམ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་ཐུབ་པའི་གྲོང་ཁྱེར་གྱི་མ་འོངས་པ་མངོན་འགྱུར་བྱེད་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།
སྐབས་འདིའི་ཚོགས་ཆེན་ཚེས་དགུ་ཉིན་གྲོལ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གིས་ལོ་ངོ་བཞིའི་ནང་ཚོགས་ཆེན་ཐེངས་རེ་སྤེལ་བཞིན་ཡོད་ལ། སྐབས་དང་པོའི་ཚོགས་ཆེན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་ནེ་ལོ་པུས་ནས་ཚོགས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།