ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་ཐོག་མ་འཇར་མན་གྱི་ཨེ་སིན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས།
2023.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་ཐོག་མ་དེ་ཚེས་ལྔ་ཉིན་གྱི་སྔ་དྲོར་འཇར་མན་གྱི་ཨེ་སིན་འགྲེམ་སྟོན་ལྟེ་གནས་སུ་ཚོགས་མགོ་བརྩམས་པ་དང་། ཀྲུང་གོའི་ཁེ་ལས་ལྔ་བརྒྱ་ལྷག་འཇར་མན་དུ་སོང་ནས་འགྲེམ་སྟོན་ལ་ཞུགས།

གཙོ་སྒྲུབ་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུའི་འགྲེམ་སྟོན་ལ་ཞུགས་པའི་ཚོང་བ་ཚང་མ་ཀྲུང་གོ་ནས་ཡོང་བ་དང་། འགྲེམ་སྟོན་ཚོགས་འདུ་དེས་ཆེད་དུ་ཀྲུང་གོའི་ཁེ་ལས་དང་ཡོ་རོབ་གླིང་གི་གྲོགས་པོས་ཕྱི་རྒྱལ་གྱི་ཉོ་ཚོང་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་འགྲེམ་སྟོན་སྟེགས་བུ་འདོན་སྤྲོད་བྱས་ཡོད། འགྲེམ་སྟོན་ལ་ཞུགས་པའི་ཚོང་དག་ནི་བཟོ་ལས་འཕྲུལ་ཆས་དང་འཛུགས་སྐྲུན་རྒྱུ་ཆ། འཁལ་འཐག་གྱོན་ཆས། གློག་རྡུལ་ཐོན་རྫས་སོགས་ལས་རིགས་ཁྱབ་ཁོངས་བརྒྱད་ནས་ཡོང་བ་ཡིན་ལ། ཚོད་དཔག་བྱས་ན་ཡོ་རོབ་གླིང་གི་ཉོ་ཚོང་ཚོང་བ་དང་ཚོང་དོན་འཐུས་མི་སོགས་ཀྱིས་གྲུབ་པའི་ལྟ་སྐོར་བའི་མི་གྲངས་ཁྲི་གཉིས་ལས་བརྒལ་ཐུབ་ངེས་རེད་ཟེར།

འཇར་མན་ཨེ་སིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཁུའུ་ཧྥུན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་ཐོག་མ་དེ་ཨེ་སིན་གྲོང་ཁྱེར་ནས་སྤེལ་བར་ཁོ་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། རེ་སྒུག་མི་དམན་པ་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཨེ་སིན་ཡོད་སའི་འཇར་མན་གྱི་ལུའུ་ཨར་ས་ཁུལ་དེ་འཇར་མན་བཟོ་ལས་ཀྱི་དཀྱིལ་སྙིང་དུ་བསྔགས་བཞིན་ཡོད་ཅིང་། བཟོ་ལས་འཕེལ་རྒྱས་དང་རྒྱལ་སྤྱིའི་ཉོ་ཚོང་། མི་གཞུང་བརྗེ་རེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་སྲོལ་རྒྱུན་བཟང་བོ་ཡོད། ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་དེ་ཀྲུང་གོའི་ཁེ་ལས་དང་འཇར་མན་གྱི་ཉོ་ཚོང་གྲོགས་པོས་བརྗེ་རེས་དང་མཉམ་ལས་བྱེད་པའི་སྟེགས་བུ་བཟང་བོ་ཞིག་ཏུ་འགྱུར་བར་ཡིད་ཆེད་ཡོད་ཟེར།

འཇར་མན་གྱི་ཨེ་སིན་འགྲེམ་སྟོན་ལྟེ་གནས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཁུའུ་ཐི་ཡིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུའི་འགྲེམ་སྟོན་བྱེད་སའི་རྒྱ་ཁྱོན་སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་ལྔ་ལས་བརྒལ་ཡོད་པ་དང་། ཀྲུང་གོའི་ཐོན་རྫས་འགྲེམ་སྟོན་དང་གསར་གཏོད་འདུ་ཤེས་ཀྱིས་ཉོ་ཚོང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་། གཏིང་ཟབ་པའི་བརྗེ་རེས་དང་རྒྱུས་ལོན་ལ་ཡར་སྐུལ་བྱས་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་རོགས་འདེགས་གལ་ཆེན་འདོན་སྤྲོད་བྱེད་དགོས། འཇར་མན་གྱི་འགྲེམ་སྟོན་ལྟེ་གནས་ཆེན་མོ་བཅུའི་ཡ་གྱལ་ཡིན་པའི་ཆ་ནས། འཇར་མན་ཨེ་སིན་འགྲེམ་སྟོན་ལྟེ་གནས་ཀྱིས་ཉོ་ཚོང་འཛམ་གླིང་ཅན་གྱི་འཕེལ་རྒྱས་བཟང་བོ་རྒྱུན་འཁྱོངས་དང་དེར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།