ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གིས་ཚེས་ལྔ་ཉིན་འཇར་པན་མཚོ་དང་ཨིག་ཧའོ་ཚི་ཁི་མཚོ་ཁོངས་ནས་དམག་དོན་སྦྱོང་བརྡར་མགོ་བརྩམས་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་ཚེས་ཉི་ཤུའི་ཉིན་བར་སྤེལ་རྒྱུ་ཡིན་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་དམག་སྤྱི་ལེ་ནཱ་ཡིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བཀོད་འདོམ་བྱེད་རྒྱུའི་འགན་ཁུར་བ་དང་། གྲུ་གཟིངས་དྲུག་ཅུ་ལྷག་དང་གནམ་གྲུ་སོ་ལྔ། དམག་མི་ཁྲི་གཅིག་དང་སྟོང་གཅིག་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།
དམག་དོན་སྦྱོང་བརྡར་གྱི་འཆར་གཞི་ལྟར་ན། གྲུ་གཟིངས་རུ་ཁག་གིས་མཚོ་དམག་དང་མཁའ་དམག་གཉིས་དང་མཉམ་དུ་རྗེས་འདེད་ངང་དགྲ་བོའི་ཆུ་འཛུལ་གྲུ་གཟིངས་སྔོག་བཤེར་བྱེད་རྒྱུ་མ་ཟད། མཚོ་ཐོག་དང་བར་སྣང་གི་དམིགས་འབེན་ལ་དམིགས་པའི་དམག་དོན་སློབ་ཁྲིད་ནང་དོན་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། དེའི་ནང་དམིགས་འབེན་ལ་འཕུར་མདའ་གཏོང་འཕེན་བྱེད་པ་དང་མེ་སྒྱོགས་གཏོང་བ་སོགས་འདུས། དེ་ལས་གཞན་ད་རུང་གྲུ་གཟིངས་རུ་ཁག་གི་མཁའ་སྲུང་ནུས་པ་མཐོར་འདེགས་དང་མཚོ་ཐོག་གི་དངོས་རྫས་དང་ལག་རྩལ་འགན་སྲུང་སོགས་ཐད་ནས་སྦྱོང་བརྡར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།