སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཁཱ་ཐུའུ་མུའུ་དང་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་བསྟུད་མར་འཁྲུག་རྩོད་བྱས།
2023.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ལྔ་ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་ནས་མུ་མཐུད་དུ་འཁྲུག་རྩོད་བྱས་པ་དང་། སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དེ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱེད་པའི་གཡུལ་སར་གྱུར་ཡོད་ཟེར།

ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་སྲིད་གཞུང་གི་གསར་འགྱུར་དཔོན་རིགས་ཡེ་ཧེ་ཡཱ་ཡིས་བཤད་རྒྱུར། ཚེས་བཞི་ཉིན་ཁུའུ་ཐུའུ་མུའུ་ནས་འཁྲུག་རྩོད་དྲག་པོ་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གྲོང་ཁྱེར་གཞན་པར་འདས་པའི་གཟའ་འཁོར་འགའི་ནང་མི་བཞི་བཅུ་ནས་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཁོས་བསྟན་དོན། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དེ་སྔོན་ཆད་ཟང་ཟིང་གི་གནས་སུ་ལྷུང་ཡོད་པ་དང་། ཐེངས་འདིར་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ས་ཁུལ་དེར་འཁྲུག་རྩོད་དྲག་པོ་བྱས་ནས། གནས་དེར་རྒྱུན་དུ་སྡོད་པའི་རྒྱལ་སྤྱིའི་རྒུད་སྐྱོབ་ལས་ཁུངས་དག་ལང་ལོང་སྒོས་ཕྱིར་འཐེན་བྱས་པས། ས་དེའི་མང་ཚོགས་ཀྱི་ཟས་རིགས་དང་སྨན་རྫས་ཀྱི་མཁོ་འདོན་ཐད་དཀའ་ཁག་ཆེན་པོ་བྱུང་ཡོད་ལ། ཡུལ་གྱར་བ་མང་བོ་ཉེ་འཁོར་ས་ཁུལ་དུ་བྲོས་བྱོལ་བྱས་ཡོད་ཟེར།

འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ལྔ་ཉིན་གནས་ཚུལ་སྤེལ་ཏེ་ཁུའུ་ཐུའུ་མུའུ་བཙན་བཟུང་བྱས་ཡོད་པར་བཤད་ཀྱང་། དྲག་ཆས་དམག་དཔུང་གིས་དོན་དེ་ཁས་ལེན་བྱས་མེད།

གཞན་ཡང་བསྒྲགས་པ་ལྟར་ན། སུའུ་ཏན་དུ་རྒྱུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་དབྱེ་ཏི་ལི་སི་ཡིས་ཚེས་ལྔ་ཉིན་བསྐྱར་སྒྲོག་བྱས་དོན། སུའུ་ཏན་གྱིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། གཡོ་ཇུས་དེ་དག་གིས་གནས་བབ་སྔར་ལས་རྙོག་འཛིང་དུ་བཏང་སྟེ་འཁྲུག་རྩོད་རྒྱུན་རིང་ཅན་དུ་གཏོང་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། སུའུ་ཏན་གྱིས་རྒྱུན་མཐུད་ཞི་བདེ་མངོན་འགྱུར་བྱེད་པའི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་གཞིར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།