ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ཀྱི་ཚོད་འཛིན་བྱེད་ཐབས་ཀྱི་ཡུན་ཚད་ཇེ་རིང་དུ་བཏང་།
2023.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཞིང་ཞོར་ཐོན་རྫས་ཚོང་རར་སྲུང་སྐྱོབ་བྱེད་ཆེད། ཉིན་དེར་ཡུན་ཚད་ལོངས་པའི་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་རིགས་བཞིའི་ཚོད་འཛིན་བྱེད་ཐབས་དེ་ཟླ་དགུ་བའི་ཚེས་བཅོ་ལྔའི་བར་ཇེ་རིང་དུ་བཏང་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ་རིམ་བཞིན་ཝུའུ་ཁི་ལན་ནས་ནང་འདྲེན་བྱས་པའི་གྲོ་དང་མ་རྨོས་ལོ་ཏོག ལོ་དཀར། ཉི་འབྲུ་བཅས་ལ་སྤྱད་པའི་དམིགས་བསལ་གྱི་གནས་སྐབས་ཚོད་འཛིན་བྱེད་ཐབས་མེད་པར་གཏོང་རྒྱུ་ཡིན་ཟེར།

བྱེད་ཐབས་དེས་ཞིང་ཞོར་ཐོན་རྫས་རིགས་བཞི་བོ་དེ་པུར་ཀ་རི་ཡཱ་དང་ཧང་ག་རི། ཕོ་ལན། རོ་མཱ་ནི་ཡཱ། སི་ལོ་ཝ་ཁི་བཅས་རྒྱལ་ཁབ་ལྔ་ནས་རང་དབང་ཉོ་ཚོང་བྱེད་པར་ཚོད་འཛིན་བྱེད་ཀྱང་། རྒྱལ་ཁབ་ལྔ་བོ་དེ་བརྒྱུད་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཡུལ་དུ་སྐྱེལ་འདྲེན་བྱས་ཆོག་པ་རེད།

ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་རྗེས། ཞིང་ཞོར་ཐོན་རྫས་མང་བོ་མཚོ་ནག་གྲུ་ཁའི་བཀག་སྡོམ་དབང་གིས་ཕྱིར་སྐྱེལ་འདྲེན་བྱེད་ཐབས་མེད་པར་གྱུར། ཕྱོགས་མང་བོས་བར་འདུམ་བྱས་འོག ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་མང་བོ་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་བརྒྱུད་དེ་ས་ཁུལ་གཞན་པར་སྐྱེལ་འདྲེན་བྱེད་བཞིན་ཡོད། དངོས་སྐྱེལ་སོགས་རྗེས་མཐུད་ཀྱི་གནད་དོན་ཐག་གཅོད་བྱས་མེད་པའི་དབང་གིས་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་མང་བོ་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་ནས་ཕྱིར་འཚོང་བྱེད་དགོས་བྱུང་ཡོད་ལ། ས་དེའི་ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་ལ་གནོད་པ་བཟོས་ཡོད་པས། ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་མང་བོའི་ཞིང་བས་དེར་ངོ་རྒོལ་བྱེད་བཞིན་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་བའི་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་རིགས་བཞི་པུར་ཀ་རི་ཡཱ་དང་ཧང་ག་རི། ཕོ་ལན། རོ་མཱ་ནི་ཡཱ། སི་ལོ་ཝ་ཁི་བཅས་རྒྱལ་ཁབ་ལྔ་ནས་རང་དབང་ཉོ་ཚོང་བྱེད་པར་གནས་སྐབས་སུ་ཚོད་འཛིན་རྒྱུ་དང་། དེའི་ནུས་ཡུན་ཟླ་དྲུག་པའི་ཚེས་ལྔ་ཉིན་བར་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།