མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཚེས་དྲུག་ཉིན་ཨར་ཅི་རི་ཡཱ་དང་ཀུའེ་ཡཱ་ནཱ། ཧན་གོ། སེ་ར་ལེ་ཨང་། སི་ལོ་ཝུན་ནེ་ཡཱ་བཅས་རྒྱལ་ཁབ་ལྔ་ མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཏུ་བདམས་ཐོན་བྱུང་།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་མིང་མི་འགོད་པར་འདེམ་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་འདེམ་བསྐོ་བྱེད་པ་ཡིན་ལ། འདེམ་སྒུག་རྒྱལ་ཁབ་ལ་ཉུང་མཐར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིའི་འདེམ་ཤོག་ཁ་གྲངས་ཀྱི་སུམ་ཆའི་གཉིས་ཐོབ་ན་བདམས་ཆོག ཐེངས་འདིར་བསྡོམས་པས་རྒྱལ་ཁབ་དྲུག་འདེམ་བསྐོ་ལ་ཞུགས་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་ལས་གནས་ལ་འགྲན་རྩོད་བྱས་པ་རེད། ཨར་ཅི་རི་ཡཱ་དང་ཀུའེ་ཡཱ་ནཱ། ཧན་གོ། སེ་ར་ལེ་ཨང་བཅས་ལ་འགྲན་ཡ་མེད་པ་དང་། སི་ལོ་ཝུན་ནེ་ཡཱ་དང་ཨུ་རུ་སི་དཀར་པོས་ཡོ་རོབ་གླིང་ཤར་མའི་ས་ཁུལ་གྱི་ལས་གནས་གཅིག་འགྲན་རྩོད་བྱས། སྐོར་ཐེངས་དང་པོའི་འགྲན་རྩོད་ཁྲོད་སི་ལོ་ཝུན་ནེ་ཡཱ་ལ་འདེམ་ཤོག་བརྒྱ་དང་ང་གསུམ་ཐོབ་ནས་བདམས་ཐོན་བྱུང་བ་དང་། ཨུ་རུ་སི་དཀར་པོར་དེའི་སྐལ་བ་མ་བྱུང་། གཞན་པའི་རྒྱལ་ཁབ་བཞིའི་ཁྲོད། ཀུའེ་ཡཱ་ནཱ་ལ་འདེམ་ཤོག་བརྒྱ་དང་གོ་གཅིག་ཐོབ་པ་དང་། སེ་ར་ལེ་ཨང་ལ་འདེམ་ཤོག་བརྒྱ་དང་གྱ་བརྒྱད་ཐོབ། ཨར་ཅི་རི་ཡཱ་ལ་འདེམ་ཤོག་བརྒྱ་དང་གྱ་བཞི་ཐོབ་ཡོད་ལ། ཧན་གོར་འདེམ་ཤོག་བརྒྱ་དང་བརྒྱད་ཅུ་ཐོབ་ནས་བདེ་བླག་ངང་བདམས་ཐོན་བྱུང་བ་རེད།
གསར་དུ་བདམས་ཐོན་བྱུང་བའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་ཡིས་ཨར་པཱ་ནི་ཡཱ་དང་པཱ་ཞི། ཀ་ཕིན། ཀ་ནཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་ཚབ་ཏུ་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལས་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་གཉིས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།