ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
2023.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ལྔ་ཉིན་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་འགོར་བ་གོ་སྐབས་སུ་བརྩིས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་པཱ་སི་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གི་ཀྲུའུ་རིན་གསར་བ་ཙུན་ཅི་ཞིན་གྱིས་སྤྲད་པའི་མཚམས་སྦྱོར་འཕྲིན་ཡིག་དང་ལེན་བྱས། ཨ་པཱ་སི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་བོར་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་གྲོས་གཞི་བཏོན་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ནམ་རྒྱུན་བློ་བརྟན་འགྱུར་མེད་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

ཙུན་ཅི་ཞིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཕཱ་ལེ་སི་ཐན་གྱི་འབྲེལ་བར་ཆུ་ཚད་གསར་བའི་འཕེལ་རྒྱས་བྱུང་ཡོད། ད་ལོར་ཀྲུང་གོ་དང་ཕཱ་ལེ་སི་ཐན་བར་འབྲེལ་བ་བཙུགས་ན་ལོ་ངོ་སོ་ལྔ་འགོར་བའི་ལོར་འཁེལ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཕཱ་ལེ་སི་ཐན་གྱི་འབྲེལ་བ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།