ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་ལ་གཏོར་བརླག་བྱས་པའི་ཐད་ནས་ཕན་ཚུན་སྐྱོན་འཛུགས་བྱས།
2023.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་ལ་གཏོང་བརླག་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཝུའུ་ཁི་ལན་གྱི་འགུལ་སྐྱོད་དེར་གྲོས་ཞིབ་བྱེད་བཞིན་ཡོད་ཟེར། ཉིན་དེར་ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་རྐྱེན་དེ་ནི་ཨུ་རུ་སིའི་དམག་དཔུང་གི་རྐང་དམག་སྟོང་ཤོག་གཉིས་ཐིག་ལྔ་ཡིས་བཟོས་པ་ཡིན་པར་སྐྱོན་འཛུགས་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་ལ་གཏོར་བརླག་ཐེབས་པའི་ཐད་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ངེས་པར་དུ་དོན་རྐྱེན་དེར་རྩད་གཅོད་བྱེད་དགོས་པའི་ཚུལ་བསྟན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་ལ་གཏོར་བརླག་བྱས་པས། ཏིས་ནེ་པའོ་ཆུ་བོའི་སྨད་བརྒྱུད་ཀྱི་ཆུ་གནས་ལྡབ་འགྱུར་གྱིས་ཇེ་མཐོར་སོང་ཡོད་པ་དང་། སྡོད་དམངས་ཀྱི་ཁང་བ་མང་བོ་ཆུས་བསྣུབས་ཡོད་ལ། མི་སྣ་མང་བོ་བདེ་འཇགས་ས་ཁུལ་དུ་ཐབས་མེད་བྱུང་ཡོད་པར་མ་ཟད། ཞིང་སའི་ས་རྒོད་སློག་པའི་བྱ་བར་ཡང་བར་ཆད་ཐེབས་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་འགུལ་སྐྱོད་དེས་གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་དང་ཁོར་ཡུག་གི་གནོད་འཚེ་བཟོས་ཡོད་པ་དང་། ས་ཁུལ་དང་འཛམ་གླིང་ཡོངས་གྱི་བདེ་འཇགས་ཐད་འཇིགས་ཉེན་ཚབས་ཆེན་བཟོས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གླིང་བདེ་འཇགས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཝུའུ་ཁི་ལན་གྱི་འགུལ་སྐྱོད་དེར་གྲོས་ཞིབ་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་གི་དྲུང་ཡིག་ཆེན་མོ་ཏན་ནེ་ལོ་ཧྥུའུ་ཡིས་ཚེས་དྲུག་ཉིན་བརྙན་རིས་སྐུད་ལམ་ནས་བསྟན་དོན། ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་ལ་འགས་གཏོར་བཏང་བའི་དོན་དེ་ཝུའུ་ཁི་ལན་ལ་འབྲེལ་བ་མེད་ཟེར།

ཝུའུ་ཁི་ལན་ལྷོ་ཕྱོགས་ཀྱི་འཐབ་འཁྲུག་དམག་སྤྱི་ཁང་གིས་དོན་རྐྱེན་དེ་ནི་ཨུ་རུ་སིའི་རྐང་དམག་སྟོང་ཤོག་གཉིས་ཐིག་ལྔ་བས་བཟོས་པ་ཡིན་ལ། ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་དེ་ཚེས་དྲུག་ཉིན་གྱི་ཞོགས་པར་འགས་གཏོར་གཏོང་རག་བར་དུ་ཨུ་རུ་སིའི་རྐང་དམག་སྟོང་ཤོག་གཉིས་ཐིག་ལྔ་བས་ཚོད་འཛིན་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དྲུག་ཉིན་བྲེལ་མྱུར་གྲོས་ཚོགས་བསྡུས་ནས། ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་ལ་གཏོར་བརླག་ཐེབས་པའི་དོན་རྐྱེན་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་མིས་ཕ་རོལ་བས་བསམ་བཞིན་དུ་བཟོས་པར་སྐྱོན་འཛུགས་བྱས། ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་རྐྱེན་དེའི་བརྒྱུད་རིམ་ཧྲིལ་བོར་རྒྱུས་ལོན་བྱེད་པའི་སྒེར་ཚུགས་ཀྱི་བརྡ་འཕྲིན་ཐབས་ལམ་མེད་ཀྱང་། དོན་རྐྱེན་དེ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་བྱུང་བའི་མཇུག་འབྲས་ཚབས་ཆེན་ཞིག་རེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་དང་མི་ཆོས་རིང་ལུགས་ཀྱི་གྲོགས་པོས་ཝུའུ་ཁི་ལན་སྲིད་གཞུང་བར་མཐུན་སྦྱོར་བྱས་ནས་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། ཕྱོགས་སོ་སོས་མི་ཆོས་རྒུད་སྐྱོབ་རྒྱུ་ལམ་བཀག་མེད་ཡོང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་བཤད་རྒྱུར། ངེས་པར་དུ་དོན་དེར་རྩད་གཅོད་བྱེད་དགོས་ལ། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་འཇོག་ཐོབ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།