ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས་བདུན་ཉིན་བསྟན་དོན། ཙེམ་པབ་ཝེ་ཡིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུ་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཉིན་དེར་ཙེམ་པབ་ཝེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཀྲོའུ་ཏེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། དུས་ཡུན་རིང་བོར་ཀྲུང་གོ་ཕྱོགས་ཀྱིས་ཙེམ་པབ་ཝེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་ཤིང་། གྲོས་ཁང་གི་ཐོག་ཁང་གསར་བ་དང་ཝན་ཀའེ་མེ་ཤུགས་གློག་འདོན་ས་ཚིགས་ཀྱི་རྒྱ་བསྐྱེད། ཧཱ་ལཱ་ལོས་རྒྱལ་སྤྱིའི་གནམ་གྲུ་ཐང་གི་རྒྱ་བསྐྱེད་འཛུགས་སྐྲུན་སོགས་ལས་གཞི་རབ་དང་རིམ་པས་ཙེམ་པབ་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཟེར།
མུའུ་ནན་ཅ་ཀུའུ་ཝ་ཡིས་བསྟན་དོན། ཙེམ་པབ་ཝེ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་ཡིས་ཙེམ་པབ་ཝེ་ཡིས་ཁྲིམས་འགལ་བཀག་སྡོམ་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་བཅས་ཀྱི་ཐད་རྒྱབ་སྐྱོར་གང་ལེགས་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་ལ། ཙེམ་པབ་ཝེ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་སོགས་ཀྱི་སྒྲོམ་གཞིའི་འོག་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཙེམ་པབ་ཝེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བའི་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཀྲོའུ་ཏེན་གྱིས་བསྟན་དོན། ཀྲུང་གོ་དང་ཙེམ་པབ་ཝེའི་ཡུན་རིང་བའི་མཛའ་མཐུན་ཟབ་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཙེམ་པབ་ཝེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།