ཟླ་དྲུག་པའི་ཚེས་དྲུག་ཉིན། ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཙུང་ཐུང་བཞུགས་ཤག་ནས་དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ལ་ཐུག་འཕྲད་བྱས།
ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཐག་གཅོད་ཇུས་གཞིར་གྲོས་མཐུན་བཀོད་ནས་ཁྲིམས་འགལ་གྱི་ལྐོག་འབྲོས་གནད་དོན་ཐག་གཅོད་བྱེད་དགོས་ཟེར།
སེ་དབྱེ་ཏི་ཡིས་ཉིན་དེར་རྒྱལ་ས་ཐུ་ནི་ཞི་ཡཱ་ནས་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཐུ་ནི་ཞི་ཡཱ་ནི་ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ལྐོག་འབྲོས་བྱེད་ས་དང་བརྒྱུད་སའི་གནས་ཡིན་པས། གནད་དོན་དེ་ཐག་གཅོད་བྱེད་པའི་ཐད་ནས་ཐུ་ནི་ཞི་ཡཱ་ཡིས་གནོན་ཤུགས་ཆེན་པོ་ཁུར་དུ་བླངས་ཡོད། ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྐོག་འབྲོས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་དབུལ་ཕོངས་དང་རྗེས་ལུ་ཡིན་སྟབས། བདེ་འཇགས་ལས་ཁུངས་ཀྱིས་ལྐོག་འབྲོས་ཀྱི་ནག་ཉེས་རྩ་འཛུགས་ལ་ཆམ་ཕབ་བཏང་བ་ཙམ་གྱིས་གནད་དོན་དེ་ཐག་གཅོད་བྱེད་ཐབས་མེད་ཟེར།
དཔལ་འབྱོར་དང་སྤྱི་ཚོགས་ལས་ཁུངས་ལ་བརྟེན་ནས་དབུལ་ཕོངས་སེལ་བ་དང་། ཨ་ཧྥེ་རི་ཁ་གླིང་གི་རྗེས་ལུས་ས་ཁུལ་གྱི་མང་ཚོགས་ལ་རེ་བ་ཡོད་པར་བྱེད་དགོས། དེ་ལྟར་བྱས་ན་ཁོ་ཚོ་རང་ཉིད་ཀྱི་ཕ་ཡུལ་དང་འབྲལ་མི་སྲིད་ཟེར།
སེ་དབྱེ་ཏི་ཡིས་ས་དཀྱིལ་མཚོ་འགྲམ་དང་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་རྒྱལ་ཁབ་དག་གི་མགོ་ཁྲིད་པ་ཞུགས་པའི་མཐོ་རིམ་གྲོས་ཚོགས་ཤིག་བསྡུ་བ་དང་། མཉམ་དུ་འབད་བརྩོན་བྱས་ནས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་གྲོས་གཞི་བཏོན།
མེ་ལོ་ནེ་ཡིས་གྲོས་མོལ་བྱེད་སྐབས་ཐུ་ནི་ཞི་ཡཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྐོག་འབྲོས་བྱེད་པར་ཆམ་ཕབ་གཏོང་བའི་ཐད་ཚེགས་བརྩོན་འགྲུས་མང་བོ་བཏོན་པར་གཟེངས་བསྟོད་བྱས་པ་དང་། དབྱི་ཐཱ་ལེ་ཡིས་ཉེ་སྔོན་རྒྱལ་སྤྱིའི་གྲོས་ཚོགས་ཤིག་བསྡུས་ནས་ལྐོག་འབྲོས་ལ་ཆམ་ཕབ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་བར་ས་དཀྱིལ་མཚོ་ཡིས་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱ་བརྒྱུད་དེ་དབྱི་ཐཱ་ལེ་རུ་ལྐོག་འབྲོས་བྱེད་པའི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།