འབར་མའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོ་དང་མཉམ་དུ་གྲོས་གཞི་ཆེན་མོ་གསུམ་དངོས་འབེབས་བྱས་ནས་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཀྱི་འཛམ་གླིང་མཉམ་འཛུགས་བྱེད་འདོད་ཡོད་པའི་ཚུལ་བསྟན།
2023.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

འབར་མའི་ཕྱི་འབྲེལ་བློན་ཆེན་ཏན་སུའེ་ཡིས་ཚེས་བརྒྱད་ཉིན་རྒྱལ་ས་ནེ་པུས་ཏུའུ་ནས་བསྟན་དོན། འབར་མ་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཞན་པ་དག་དང་མཉམ་དུ་གྲོས་གཞི་དེ་དངོས་འབེབས་བྱས་ནས། མཉམ་དུ་སྔར་ལས་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ད་ལོའི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནི་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་གསུམ་འགོར་བའི་རྗེས་དྲན་ཉིན་མོ་རེད། ཉིན་དེར་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱིས་ནེ་པུས་ཏུའུ་ནས་རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་ཆེད་དོན་ཐེབས་རྩའི་མ་དངུལ་གྱི་ཉིས་སྟོང་ཉེར་གསུམ་ལོའི་བར་མའི་ལས་གཞི་དང་། ཀྲུང་གོས་འབར་མར་རོགས་སྐྱོར་བྱེད་པའི་སྐོར་ཐེངས་དང་གསར་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན། འབར་མར་རོགས་སྐྱོར་བྱེད་པའི་དེང་རབས་ཅན་གྱི་གསོ་སྦྱོང་ཚོད་ལྟ་ཁང་ལས་གཞི་སོགས་ཀྱི་མཉམ་ལས་ཡིག་ཆ་འགོད་པ་དང་བརྗེ་རེས་བྱེད་པའི་མཛད་སྒོ་སྤེལ།

ཏན་སུའེ་ཉིན་དེར་འབྲེལ་ཡོད་བྱ་འགུལ་ལ་ཞུགས་ནས་ཞུ་ཚིག་ཕུལ་ཏེ། འབར་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་རི་ཆུ་གཅིག་ཏུ་འབྲེལ་ཞིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་བ་ཟབ་མོ་ཡོད། ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལག་བསྟར་བྱས་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་མང་བོ་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཡོད། དེ་རིང་མཉམ་ལས་ཡིག་ཆ་བཀོད་ནས་བརྗེ་སྤོར་བྱས་པ་ལས་འབར་མ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད་པ་མངོན་ཡོད་ལ། འབར་མའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་ཐུབ་ཟེར།

འབར་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཧེ་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་པའི་ཚུན་གྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འབར་མའི་འཕེལ་རྒྱས་ཐད་རང་ནུས་ཅི་ལྕོགས་ཀྱི་རོགས་འདེགས་བྱེད་རྒྱུ་དང་། འབར་མ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ངེས་པ་དོན་གྱི་གྲུབ་འབྲས་ལོན་པར་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།