མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སྔར་ལས་སྟོབས་དང་ལྡན་པའི་འགུལ་སྐྱོད་སྤེལ་ནས་རྒྱ་མཚོར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནི་འཛམ་གླིང་རྒྱ་མཚོའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་སྟོབས་དང་ལྡན་པའི་འགུལ་སྐྱོད་སྤེལ་ནས་རྒྱ་མཚོར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱ་མཚོ་ནི་ཚེ་སྲོག་གི་རྨང་གཞི་ཡིན་ཞིང་། དེས་མཁའ་དབུགས་དང་ཟས་རིགས་འདོན་སྤྲོད་བྱེད་པ་དང་། གནམ་གཤིས་དང་ནམ་ཟླར་སྙོམས་སྒྲིག་བྱེད་ཐུབ། རྒྱ་མཚོ་ནི་སའི་གོ་ལའི་སྟེང་ཆེས་ཆེ་བའི་སྐྱེ་དངོས་སྣ་མང་ཅན་གྱི་གཏེར་མཛོད་ཡིན་ལ། རྒྱ་མཚོའི་ཐོན་ཁུངས་དེ་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་སྡེ་ཁུལ་དང་དར་རྒྱས། མིའི་རིགས་ཀྱི་བདེ་ཐང་བཅས་ལ་འབྲེལ་ཡོད་པས། ང་ཚོ་རྒྱ་མཚོའི་གྲོགས་པོ་བཟང་བོར་འགྱུར་དགོས་ཡང་། ད་ལྟ་མིའི་རིགས་རྒྱ་མཚོའི་ཆེས་ཆེ་བའི་དགྲ་རུ་གྱུར་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མིའི་རིགས་ཀྱི་འགུལ་སྐྱོད་ལས་བྱུང་བའི་ནམ་ཟླའི་འགྱུར་ལྡོག་གིས་སའི་གོ་ལའི་དྲོད་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ནམ་ཟླའི་རྣམ་པ་དང་རྒྱ་མཚོའི་བཞུར་རྒྱུན་ལ་རྙོག་དྲ་བཟོས་ནས། རྒྱ་མཚོའི་སྐྱེ་ཁམས་མ་ལག་དང་དེའི་ནང་འཚོ་བའི་སྐྱེ་དངོས་རིགས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད། རྒྱ་མཚོའི་སྐྱེ་དངོས་སྣ་མང་ཅན་ལ་ཚད་བརྒལ་སྒོ་འབྱེད་དང་རྒྱ་མཚོའི་སྐྱུར་འགྱུར་སོགས་ཀྱི་འཇིགས་ཉེན་ཐེབས་བཞིན་ཡོད་པ་དང་། ཉ་རིགས་ཀྱི་ཐོན་ཁུངས་ཇེ་ཉུང་དུ་འགྲོ་བཞིན་ཡོད། རྫས་འགྱུར་ཐོན་རྫས་དང་འགྱིག་ཤོག མིའི་རིགས་ཀྱི་ཕྱིར་བཏང་སྙིགས་རྫས་ཀྱིས་མཚོ་འགྲམ་གྱི་ཆུ་བརྒྱུད་ལ་སྦགས་བཙོག་ཐེབས་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཡིན་ཡང་ད་ལྟའི་འཛམ་གླིང་རྒྱ་མཚོའི་ཉིན་མོས་གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་པ་ང་ཚོར་གསལ་འདེབས་བྱེད་བཞིན་ཡོད་ཟེར། ཉིས་སྟོང་ཉེར་གཉིས་ལོར་རྒྱལ་ཁབ་སོ་སོས་འཛམ་གླིང་ཡོངས་ཀྱི་དམིགས་འབེན་ཏེ། ཉིས་སྟོང་སུམ་ཅུ་ལོའི་བར་བརྒྱ་ཆའི་སུམ་ཅུའི་སྐམ་ས་དང་རྒྱ་མཚོ། མཚོ་འགྲམ་ས་ཁུལ་བཅས་ཉམས་གསོ་དང་དོ་དམ་བྱེད་པ་དང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཉ་གསོ་ཁ་གསབ་ཀྱི་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་ཡོད། ཕུའུ་ཐའོ་ཡཱའི་ལི་སི་ཕིན་ནས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་སྟེང་། འཛམ་གླིང་ཡོངས་ཀྱིས་སྔར་ལས་ལྷག་པའི་རྒྱ་མཚོའི་འགུལ་སྐྱོད་སྤེལ་བར་གཅིག་གྱུར་ཡིད་འཐད་བྱུང་བ་རེད།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འགྱིག་ཤོག་སྦགས་བཙོག་མེད་པར་གཏོང་བའི་བཅའ་ཁྲིམས་ཀྱི་ཚད་བཀག་རང་བཞིན་ལྡན་པའི་འཛམ་གླིང་ཡོངས་ཀྱི་གྲོས་མཐུན་ཞིག་ལ་གྲོས་མོལ་བྱེད་བཞིན་ཡོད། ད་ལོའི་ཟླ་གསུམ་པར། རྒྱལ་ཁབ་སོ་སོས་རང་གི་ཁྱབ་ཁོངས་དང་ཕྱི་ཕྱོགས་མཚོ་ཁོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་དང་རྒྱུན་མཐུད་བེད་སྤྱོད་གནད་དོན་ཐད་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཐུན་མོང་མཚོ་ཁོངས་ཆིངས་ཡིག་བཀོད་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། གྲོས་གཞི་དེ་དག་མངོན་འགྱུར་བྱེད་པར་ཐུན་མོང་ཁས་ལེན་བྱས་ཡོད། ཐེངས་འདིའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་སྐབས་སུ། ང་ཚོས་མུ་མཐུད་དུ་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས། དེ་རིང་དང་ཉིན་རེ་རེར། ང་ཚོས་རྒྱ་མཚོ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།