ཝུའུ་ཁི་ལན་རྒྱལ་ཁབ་རྨང་གཞིའི་སྒྲིག་ཆས་སླར་གསོ་དང་འཕེལ་རྒྱས་ཅུའུ་ཡིས་ཚེས་བདུན་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཁཱ་ཧའོ་ཧྥུའུ་ཁའ་ཆུ་མཛོད་ཀྱི་ཆུ་གནས་ཇེ་དམའ་རུ་སོང་བའི་ཤུགས་རྐྱེན་ལས། ཧི་ཨར་སུང་མངའ་སྡེ་དང་ཏིས་ནེ་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ། ཀྲ་པའོ་ལོ་རི་མངའ་སྡེ། ནེ་ཀུའུ་ལཱ་ཡེ་ཧྥུའུ་མངའ་སྡེ་བཅས་ཀྱི་ས་ཁུལ་སྐོར་ཞིག་ལ་འཐུང་ཆུ་ཆད་པའི་གནས་ཚུལ་བྱུང་ཡོད་ལ། ཝུའུ་ཁི་ལན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་ཚེས་བདུན་ཉིན་ཝུའུ་ཁི་ལན་གྱི་སྒོར་མོ་དུང་ཕྱུར་བརྒྱད་དང་བྱེ་བ་བཞི་ས་ཡ་ལྔ་ཙམ་བཏང་ནས་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་སྡོད་དམངས་དག་གི་འཐུང་ཆུའི་མཁོ་འདོན་ཐད་བཀོལ་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཀྲང་ཁི་ལེ་མེན་ཁི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཚེས་དྲུག་ཉིན་གྱི་ནམ་གུང་ཧི་ཨར་སུང་གི་ཏིས་ནེ་པའོ་གཙང་བོའི་ཆུ་ལག་གི་ཆུ་གནས་སྨིད་གཅིག་གིས་ཇེ་མཐོར་སོང་བ་དང་། ཚོད་དཔག་བྱས་ན་མུ་མཐུད་དུ་རྒྱས་རྒྱུ་རེད། མིག་སྔའི་བར་དུ་ཆུ་ལོག་གིས་ས་དེའི་སྡོད་དམངས་ཀྱི་འདུག་གནས་ཉེར་དགུར་གནོད་པ་བཟོས་ཡོད་པ་དང་། ས་དེས་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཁོར་ཡུག་འཇིགས་ཉེན་ལ་དཔྱད་འཇོག་བྱས་ཏེ། རྫས་འགྱུར་ཐོན་རྫས་ཀྱི་གསོག་འཇོག་གི་བདེ་འཇགས་གནས་ཚུལ་ལ་ཁག་ཐེག་བྱེད་བཞིན་ཡོད་ཟེར། ཧི་ཨར་སུང་མངའ་སྡེའི་སྲིད་འཛིན་དཔོན་པོ་ཚབ་མ་སཱ་ཨར་ཏའོ་ཡིས་ཚེས་བདུན་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཁཱ་ཧའོ་ཧྥུའུ་ཁཱ་ཆུ་གློག་ས་ཚིགས་ལ་གཏོར་བརླག་ཐེབས་རྗེས་ཆུ་རགས་ཆེན་མོ་ཤོར་ནས་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་། མིག་སྔའི་བར་དུ་ཧི་ཨར་སུང་མངའ་སྡེའི་མི་སྟོང་བཞི་ལྷག་ཆུ་ལོག་གི་གནོད་འཚེ་ཐེབས་ས་ནས་གནས་གཞན་དུ་བསྐྱལ་ཡོད་ཟེར། སཱ་ཨར་ཏའོ་ཡིས་མཚམས་སྦྱོར་བྱས་དོན། མིག་སྔར་ཧི་ཨར་སུང་མངའ་སྡེ་རུ་གནས་སྐབས་བཀོད་སྒྲིག་བྱེད་ས་ལྔ་བཅུ་ལྷག་བཙུགས་ཡོད་པ་དང་། མལ་ཁྲི་སྟོང་གསུམ་ཡོད། དགོས་མཁོ་ཡོད་དུས་མལ་ཁྲི་སྟོང་ལྔ་དང་ལྔ་བརྒྱར་ཇེ་མང་དུ་བཏང་ཆོག་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བདུན་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་སླར་གསོ་ཐུབ་མིན་དེ། ཝུའུ་ཁི་ལན་སྲིད་གཞུང་དང་ཁོ་ཚོའི་ལྟག་རྒྱབ་ཀྱི་ནུབ་ཕྱོགས་རྒྱལ་ཁབ་དག་ལ་རག་ལས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།