མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་སྡོད་ཁང་ཚོགས་ཆེན་སྐབས་གཉིས་པ་ཚེས་དགུ་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གི་སྤྱི་ཁྱབ་པུའུ་ནས་གྲོལ། ཚོགས་ཆེན་ནས་མི་ཚང་མས་ཁུར་དུ་ལོན་པའི་སྡོད་ཁང་ལོངས་སྤྱོད་བྱེད་པ་སོགས་ཀྱི་གྲོས་ཆོད་དང་ཆོད་དོན་མང་བོར་གྲོས་འཆམ་བྱུང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་སྡོད་ཁུལ་འཆར་འགོད་ཁང་གི་ཀྲུའུ་རིན་ཞེ་ལི་ཧྥུའུ་ཡིས་ཚོགས་འདུ་གྲོལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་སོ་བདུན་ནས་ཡོང་བའི་འཐུས་མི་སྟོང་གསུམ་དང་བཞི་བརྒྱ་བཅུ་དྲུག་སྐབས་འདིའི་ཚོགས་ཆེན་ལ་ཞུགས་ཡོད་པ་དང་། གཞན་ཡང་འཐུས་མི་སྟོང་གཅིག་ལྷག་སྐུད་ལམ་བརྒྱུད་དེ་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་མི་ཚང་མས་ཁུར་དུ་ལོན་པའི་སྡོད་ཁང་ལོངས་སྤྱོད་བྱེད་པ་སོགས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། དེ་ནི་སྐབས་འདིའི་ཚོགས་ཆེན་ནས་བླངས་པའི་ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་ཡིན། གྲོས་ཆོད་དེ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲིད་གཞུང་བར་གྱི་ཆེད་མཁས་བྱ་བའི་ཚན་ཆུང་ཞིག་རྩ་འཛུགས་བྱས་ཏེ་ཁུར་དུ་ལེན་ཐུབ་པའི་སྡོད་ཁང་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་རེད། དེ་ལས་གཞན་སྟེགས་བུ་ཞིག་བསྐྲུན་ནས་སྡོད་ཁང་གི་གཞི་གྲངས་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྡོད་ཁང་གི་དགོས་མཁོ་དང་ད་ལྟའི་བར་ཁྱད་ལ་རྒྱུས་ལོན་བྱེད་རྒྱུ་ཡིན་ཟེར།
ཚོགས་ཆེན་ནས་ད་རུང་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་གཅིག་པའི་ཚེས་བཞི་ནས་ཚེས་བརྒྱད་ཉིན་བར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྐབས་བཅུ་གཉིས་པའི་འཛམ་གླིང་གྲོང་ཁྱེར་གླེང་སྟེགས་སྤེལ་རྒྱུ་ཡིན་ཟེར། གླེང་སྟེགས་དེ་ལོ་གཉིས་ཀྱི་ནང་ཐེངས་རེ་སྤེལ་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་ཐུབ་པའི་གྲོང་ཁྱེར་ཅན་གྱི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།