སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱས་ནས་འཐབ་ཇུས་གནད་ས་འཕྲོག་རྩོད་བྱས།
2023.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་ཚེས་བརྒྱད་ཉིན་མུ་མཐུད་དུ་སྤེལ། སྲིད་གཞུང་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་རྒྱལ་ས་ཁཱ་ཐུའུ་མུའུ་ལྷོ་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱུང་། ཕྱོགས་གཉིས་ཀྱིས་འདས་པའི་དུས་ཚོད་ཞེ་བརྒྱད་ནང་འཁྲུག་རྩོད་དྲག་པོ་བྱས་ཏེ་དམག་དོན་འཐབ་ཇུས་ཀྱི་གནད་ས་འཕྲོག་རྩོད་བྱས།

སུའུ་ཏན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སུའུ་ཏན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་འཐབ་འཛིང་གནམ་གྲུ་མངག་ནས། འཐབ་ཇུས་གནད་ས་དེའི་ཉེ་འཁོར་ལ་འགས་གཏོར་བཏང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དེའི་རྗེས་སུ་དྲ་ཚིགས་སུ་བརྙན་རིས་སྤེལ་ནས། གནས་དེའི་ཡེ་ཨར་མུའུ་ཁི་རྒྱལ་སྲུང་བཟོ་ལས་རྟེན་གཞི་བཙན་བཟུང་བྱས་ཡོད་ཟེར། ས་ཁོངས་དེར་ཁྲབ་ལྡན་འཁོར་ལོའི་དམག་དཔུང་གི་དམག་སྤྱི་ཁང་དང་། ཡེ་ཨར་མུའུ་ཁི་རྒྱལ་སྲུང་བཟོ་ལས་རྟེན་གཞི་སོགས་འདུས། དེའི་སྔོན་སྲིད་གཞུང་དམག་དཔུང་གིས་གནས་དེར་དམག་མི་མང་བོ་བཀོད་སྒྲིག་བྱས་ཡོད། མིག་སྔར་སྲིད་གཞུང་དམག་དཔུང་གིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གོང་སྨྲས་ཀྱི་འཐབ་ཇུས་གནད་སའི་རང་བྱུང་སོལ་རླངས་ཀྱི་གསོག་འཇོག་སྒྲིག་ཆས་ལ་གཏོར་བརླག་ཐེབས་ནས། ཡུལ་དངོས་སུ་མེ་སྐྱོན་བྱུང་ནས་དུད་ནག་འཕྱུར་བཞིན་ཡོད་ལ། ཉེ་འཁོར་གྱི་སྡོད་དམངས་དག་བྲེལ་མྱུར་ཕྱིར་འཐེན་བྱས་ཡོད་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཕ་རོལ་བས་འབར་རྫས་གསོག་འཇོག་སྒྲིག་ཆས་ལ་གཏོར་བརླག་བཏང་བར་སྐྱོན་འཛུགས་བྱེད་བཞིན་ཡོད།

དེ་ལས་གཞན་སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ནས། སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བརྡ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཨར་ཐི་ནི་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།