ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།
2023.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གི་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནས་སྤེལ་བའི་སྐོར་ཐེངས་གསུམ་པའི་ཞི་བའི་གྲོས་མོལ་ཚེས་དགུ་ཉིན་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

ཐེངས་འདིའི་ཞི་བའི་གྲོས་མོལ་ཟླ་ལྔ་བའི་ཚེས་གཉིས་ཉིན་མགོ་བརྩམས་པ་དང་། བཀོད་པའི་གྲོས་མཐུན་ལྟར་ན། ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གིས་ཟླ་བདུན་པའི་ཚེས་དྲུག་ཉིན་ཕན་ཚུན་ལ་དཔུང་འཇུག་བྱེད་མཚམས་འཇོག་རྒྱུ་ཡིན་པ་དང་།  ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནས་བཟུང་གནས་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་ལ། གྲོས་མཐུན་དེའི་ལག་བསྟར་ཡུན་ཚད་ཉིན་བརྒྱ་དང་བརྒྱད་ཅུ་ཡིན་པ་རེད། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉེར་ལྔ་ལོའི་ཟླ་ལྔ་བའི་སྔོན་དུ་འཐབ་འཁྲུག་རྩ་བ་ནས་མཇུག་སྒྲིལ་བར་བརྩོན་ལེན་བྱེད་རྒྱུ་རེད། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ནས་ཟླ་དགུ་བའི་ཚེས་བཞི་ཉིན་བར་ཝེ་ནེ་ཙུའེ་ལཱ་ནས་སྐོར་ཐེངས་བཞི་བའི་ཞི་བའི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་གྲོས་མཐུན་དེ་བརྩི་སྲུང་བྱས་པའི་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་རེད།

ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ་དང་ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་སོགས་ཞི་བའི་གྲོས་མོལ་མཇུག་སྒྲིལ་བའི་མཛད་སྒོར་ཞུགས། ཕའེ་ཐི་ལོ་ཡིས་བཤད་རྒྱུར། ཁོ་ལོམ་པུ་ཡཱ་ཡིས་ངེས་པར་དུ་དྲག་ཤུགས་མཇུག་སྒྲིལ་བ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱས་ནས། མི་དམངས་ལ་ལ་རྒྱ་ཡོད་པའི་འཚོ་བ་རོལ་དུ་འཇུག་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ངེས་པར་དུ་སྤྱི་ཚོགས་རིམ་པ་ནས་སྲིད་གཞུང་གིས་སྐུལ་འདེད་གཏོང་བའི་བཅོས་བསྒྱུར་ལ་གྲོས་བསྡུར་བྱས་ཏེ། མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ངལ་རྩོལ་ནུས་ཤུགས་ཀྱི་གཏན་འཇགས། ས་ཞིང་བགོ་བཤའ་སོགས་ལ་འགན་སྲུང་བྱེད་དགོས་ཟེར། ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཁོ་ལོམ་པུ་ཡཱ་ཡིས་མིག་སྔའི་གནས་བབ་བེད་སྤྱད་དེ་རྒྱལ་ཁབ་ཀྱི་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།