ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་བདེ་འཇགས་གྲོས་ཚོགས་དྲུང་ཡིག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཚེས་བརྒྱད་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་ཚོགས་པ་དང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་རྩ་འཛུགས་དེའི་ས་ཁོངས་ནང་གི་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་བབ་དང་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས།
འཐུས་མི་རྣམས་ཀྱིས་གཅིག་གྱུར་མཐུན་སྦྱོར་བྱས་ཏེ་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཁྱད་པར་དུ་འདྲེས་སྦྱོར་འཐབ་འཁྲུག་གི་འགོག་རྒོལ་ལ་མཉམ་འཇོག་གང་ལེགས་བྱས་ནས། རྒྱུན་ཆད་མེད་པར་ཉམས་ཉེན་ཐག་གཅོད་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་ཚུལ་བསྟན།
ཨུ་རུ་སི་དཀར་པོའི་བདེ་འཇགས་གྲོས་ཚོགས་ཀྱི་རྒྱལ་དོན་དྲུང་ཡིག་བོ་ཨར་ཧྥུའུ་ཝེ་ཆི་ཡིས་བཤད་རྒྱུར། གྲོས་ཚོགས་ནས་ས་ཁོངས་ཀྱི་འཇིགས་སྐུལ་ངོ་རྒོལ་དང་དངོས་རྒྱུའི་གསོག་འཇོག་སོགས་རྩ་འཛུགས་དེའི་ས་ཁོངས་ནང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ལ་གྲོས་ཞིབ་བྱས་ཟེར། ཨུ་རུ་སི་དཀར་པོ་དེ་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། བརྡ་འཕྲིན་དབྱེ་ཞིབ་ལ་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན་པར་མ་ཟད། རྩ་འཛུགས་དེས་མ་འོངས་པར་ཡོ་རོབ་གླིང་དང་ཨེ་ཤ་ཡཱ་སྐམ་ས་ཆེན་མོའི་བདེ་འཇགས་སྒྲོམ་གཞི་གསར་འཛུགས་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།
བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་བརྒྱད་ཉིན་ཚོགས་ཞུགས་འཐུས་མིར་ཐུག་འཕྲད་བྱས། ཁོས་རྩ་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ད་ལྟ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་བདེ་འཇགས་འཐབ་ཇུས་གསར་བ་གཏན་འབེབས་བྱེད་དགོས་པའི་གྲོས་གཞི་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།