ཁོང་གོ་ཅིན་གྱི་ཙུང་ཐུང་གིས་ཀྲུང་གོར་འཚམས་འདྲི་བྱས་པ་ལས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཇེ་དྲག་ཏུ་སོང་བའི་ཚུལ་བསྟན།
2023.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཁོ་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ཀྱིས་ཉེ་སྔོན་བསྟན་དོན། ཁོས་ཉེ་ལམ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་ལེགས་འགྲུབ་ཆེན་པོ་བྱུང་བ་དང་། ཁོང་གོ་ཅིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཇེ་དྲག་ཏུ་སོང་ཡོད་ཟེར།

ཆི་སེ་ཁི་ཏིས་ཀྱིས་ཙུང་ཐུང་བཞུགས་ཤག་ནས་ཁོང་གོ་ཅིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཀྲའོ་པེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཉེ་ལམ་ཁོས་ཀྲུང་གོའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་དོན་འཚམས་འདྲི་བྱས་པ་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ཅིང་། ཁོང་གོ་ཅིན་དང་ཀྲུང་གོའི་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ཡོད་ལ། ཁོང་གོ་ཅིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཇེ་དྲག་ཏུ་སོང་ཡོད་ཟེར། ཁོང་གོ་ཅིན་གྱིས་ཀྲུང་གོ་དང་མཉམ་དུ་ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དངོས་འབེབས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དེ་མདུན་ནས་མདུན་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

ཀྲའོ་པེན་གྱིས་བཤད་རྒྱུར། ཙུང་ཐུང་ཆི་སེ་ཁི་ཏིས་ཀྱིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཀྲུང་གོ་དང་ཁོང་གོ་ཅིན་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕན་ཚུན་བར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བཏང་བ་དང་། འབྲེལ་བ་དེར་རླབས་ཆེ་བའི་ཇུས་གཞི་འབྲི་བཞེངས་བྱས་ཡོད་ཟེར། ཀྲའོ་པེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁོང་གོ་ཅིན་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་དང་ཀྲུང་གོ་དང་ཁོང་གོ་ཅིན་གྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།