ཧཱ་སག་སི་ཐན་ཤར་ཕྱོགས་ས་ཁུལ་དུ་ཉེ་སྔོན་ནགས་ཚལ་མེ་སྐྱོན་བྱུང་བ་དང་། མེར་འབར་བའི་རྒྱ་ཁྱོན་ཀུང་ཆིང་ཁྲི་དྲུག་ལ་བསླེབས་ཡོད་པ་དང་། ནགས་སྲུང་བ་གསུམ་རྐྱེན་ལམ་དུ་ཤོར། མིག་སྔར་མེ་སྐྱོན་དེར་ཚོད་འཛིན་བྱུང་ཡོད་ཟེར།
ཧཱ་སག་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་ཤར་ཕྱོགས་ས་ཁུལ་གྱི་ཨ་པེད་མངའ་སྡེ་རུ་ཚེས་བརྒྱད་ཉིན་ནགས་ཚལ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་དེ་མྱུར་མོར་རྒྱ་ཡན་དུ་སོང་བ་རེད། ཚེས་དགུ་ཉིནནས་ཚེས་བཅུ་ཉིན་བར་མེར་འཚིག་སའི་རྒྱ་ཁྱོན་ཀུང་ཆིང་ཁྲི་གསུམ་ནས་ཁྲི་དྲུག་ཏུ་ཇེ་ཆེར་སོང་ཡོད་ལ། མེ་སྐྱོན་ཆེན་མོ་དེ་ལས་མི་བཅུ་གཅིག་གར་སོང་རྙེད་མེད་པ་དང་། མི་བདུན་བརྒྱ་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད། ཧཱ་སག་སི་ཐན་བྲེལ་མྱུར་གནས་ཚུལ་པུའུ་དང་རྒྱལ་སྲུང་པུའུ་སོགས་སྡེ་ཁག་མང་བོས་མི་བརྒྱད་བརྒྱ་ལྷག་མེ་གསོད་དང་རྒུད་སྐྱོབ་བྱ་བར་ཞུགས་སུ་བཅུག་ཡོད་པ་དང་། ས་དེའི་སྲིད་གཞུང་གིས་ཉེ་འདབས་ཀྱི་སྡེ་བའི་སློབ་གྲྭའི་ནང་བྲེལ་མྱུར་བཀོད་སྒྲིག་བྱེད་ས་བཙུགས་ཡོད་པ་རེད།
ཧཱ་སག་སི་ཐན་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། མེ་སྐྱོན་གྱི་ཚ་གདུག་ཆེ་བ་དང་མེར་འཚིག་པའི་ས་རྒྱ་ཆེ་བ། རླུང་ཤུགས་ཆེ་བ་སོགས་རྒྱུ་རྐྱེན་དབང་གིས་མེ་གསོད་བྱ་བ་དེ་འགྲན་རྩོད་ཆེན་པོར་འཕྲད་ཀྱང་། མིག་སྔར་མེ་སྐྱོན་དེར་ཚོད་འཛིན་ཐོབ་ཡོད་ཟེར། གཞན་ཡང་ཧཱ་སག་སི་ཐན་གྱི་སྐྱེ་ཁམས་དང་རང་བྱུང་ཐོན་ཁུངས་པུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ནགས་ཚལ་མེ་སྐྱོན་གྱི་འབྱུང་རྐྱེན་ནི་ཐོག་གློག་རེད་ཟེར།
ཧཱ་སག་སི་ཐན་གྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་མེ་སྐྱོན་བྱུང་རྗེས་སྔར་གཏན་འཁེལ་བྱས་པའི་འཚམས་འདྲིའི་འཆར་གཞི་རྗེས་སུ་སྣུར་བ་དང་། སྲིད་གཞུང་ལས་ཁུངས་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ་མེ་གསོད་དགོས་པ་དང་། མེ་སྐྱོན་དེ་སྔར་ལས་མཆེད་པར་སྔོན་འགོག་བྱས་ཏེ། སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་མཛུབ་སྟོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།