སོ་མཱ་ལིའི་རྒྱལ་སའི་མགྲོན་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་དགུ་རྐྱེན་ལམ་དུ་ཤོར།
2023.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་ཉིན་བཤད་རྒྱུར། རྒྱལ་ས་མའོ་ཅཱ་ཏིས་ཧྲ་ཡི་མཚོ་འགྲམ་མགྲོན་ཁང་ཞིག་ལ་ཚེས་དགུ་ཉིན་གྱི་དགོང་མོར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག་ཡོད་ཟེར།

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་དྲག་ཆས་ཉེས་ཅན་བདུན་གྱིས་ཚེས་དགུ་ཉིན་གྱི་དགོང་མོར་མའོ་ཅཱ་ཏིས་ཧྲ་ཡི་ལོས་ཏུའུ་མཚོ་འགྲམ་གྱི་མགྲོན་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་དྲུག་དང་བདེ་སྲུང་བ་གསུམ་རྐྱེན་ལམ་དུ་ཤོར།

དྲག་ཆས་ཉེས་ཅན་བདུན་པོ་སོ་མཱ་ལིའི་དམངས་དམག་གིས་བསད་པ་དང་། མགྲོན་ཁང་དུ་བཀག་བའི་མི་གྱ་བཞི་བདེ་འཇགས་ངང་བསྐྱབས་པ་རེད།

ལོས་ཏུའུ་མཚོ་འགྲམ་ནི་ས་དེའི་མིའི་དགའ་བསུ་ཐོབ་པའི་ལྷན་འཛོམས་ཀྱི་གནས་ཤིག་ཡིན་པ་དང་། མཚོ་འགྲམ་དེར་མགྲོན་ཁང་དང་ཟ་ཁང་མང་བོ་ཡོད།

སོ་མཱ་ལིའི་ན་གཞོན་ཏང་གིས་ཚེས་བཅུ་ཉིན་རང་གིས་ཚོད་འཛིན་བྱེད་པའི་རླུང་འཕྲིན་བརྒྱུད་དེ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་པ་དང་། འཇབ་རྒོལ་དམིགས་འབེན་ནི་མགྲོན་ཁང་དུ་ཡོང་བའི་མགྲོན་པོ་དག་ཡིན་ཟེར། སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ། སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོ་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།