ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་བཅུ་ཉིན་གྱི་དགོང་མོར་སྙན་ཞུ་སྤེལ་ཏེ། ཉིན་དེར་ཞིང་ཆེན་དེར་ཆར་བ་དྲག་པོ་བབས་ནས་བྱུང་བའི་རིགས་སྣ་ཚོགས་ཀྱི་གནོད་འཚེ་ལས་བྱིས་པ་བདུན་དང་བཅས་པའི་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱ་དང་ཞེ་ལྔར་རྨས་ཕོག་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། ཆར་བ་དྲག་པོ་བབས་པ་ལས་ཞིང་ཆེན་དེའི་པིན་ནོའུ་ས་ཁུལ་དུ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག ལེ་ཅི་མའོ་ཨར་བོ་ཏི་ས་ཁུལ་དུ་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་གཉིས་ལ་རྨས་ཕོག ཀི་ལེ་ཀི་ས་ཁུལ་དུ་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག ཏི་ལཱ་དབྱེ་སི་མཱེ་ཨར་ཧན་ས་ཁུལ་དུ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག དེ་ལས་གཞན་ཆར་བ་དྲག་པོ་བབས་པ་ལས་ད་རུང་པིན་ནོའུ་ས་ཁུལ་གྱི་ཁང་བ་གྱན་རེ་བརྒྱད་ལ་གཏོར་བརླག་ཐེབས་ཡོད།
ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ནས། གནོད་འཚེའི་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས་པ་དང་། རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་དང་འབྲེལ་ཡོད་ཞིང་ཆེན་གྱི་སྲིད་གཞུང་གིས་མྱུར་དུ་རྒུད་སྐྱོབ་བྱ་བ་སྤེལ་བར་མཛུབ་སྟོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།