ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་མི་སྣ་བདུན་བསད།
2023.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཐུར་ཁེའི་རྒྱལ་སྲུང་པུའ་་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགྲོ་འདུག་བྱེད་པའི་ཁུའུ་ཨར་ཏི་དྲག་ཆས་པའི་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཉུང་མཐར་ཡང་དྲག་ཆས་མི་སྣ་བདུན་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གོང་གི་འགུལ་སྐྱོད་དེ་ནི་མི་དམངས་སྲུང་སྐྱོབ་དམག་དཔུང་གི་དྲག་ཆས་མི་སྣའི་འཇབ་རྒོལ་ལ་འཁོན་ལན་སློག་ཆེད་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། མི་དམངས་སྲུང་སྐྱོབ་དམག་དཔུང་གི་དྲག་ཆས་མི་སྣས་ཚེས་བཅུ་གཅིག་ཉིན་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་བཀོལ་ནས་ཐུར་ཁེས་ཚོད་འཛིན་བྱེད་པའི་སི་རི་ཡཱའི་བྱང་ཕྱོགས་ཀྱི་རྟེན་གཞི་ཞིག་དང་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཅི་ལེ་སི་ཞིང་ཆེན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས། འཁྲུག་རྩོད་བྱེད་སྐབས་ཐུར་ཁེའི་བཅའ་སྡོད་དམག་དཔུང་དངད་མཐའ་སྲུང་ཉེན་རྟོག་པར་ཤི་རྨས་ཐེབས་མེད་ཟེར།

སི་རི་ཡཱའི་ནང་འཁྲུག་བྱུང་བའི་ཚུན་ལ། མི་དམངས་སྲུང་སྐྱོབ་དམག་དཔུང་དེ་ཁུའུ་ཨར་ཏི་འདུས་སྡོད་བྱེད་སའི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་འགྲོ་འདུག་བྱེད་བཞིན་ཡོད་པ་དང་། གཙོ་བོ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འཐབ་འཁྲུག་བྱེད་བཞིན་ཡོད་ལ། ཐུར་ཁེའི་སྲིད་གཞུང་གིས་བལྟས་ན་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་དང་ཐུར་ཁེའི་ཁུའུ་ཨར་ཏི་བཟོ་བའི་ཏང་བར་འབྲེལ་བ་ཡོད་པར་འདོད་པ་དང་། ཐུར་ཁེའི་ཁུའུ་ཨར་ཏི་བཟོ་བའི་ཏང་དེ་ཐུར་ཁེ་ཕྱོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་སུ་རློམ་ཡོད་པ་རེད།

ཁུའུ་ཨར་ཏི་བཟོ་བའི་ཏང་དེ་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཁུའུ་ཨར་ཏི་བ་འདུས་སྡོད་བྱེད་སར་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་བརྩོན་ལེན་བྱེད་པ་དང་། དེའི་དྲག་ཆས་མི་སྣ་མང་བོ་ད་ལྟ་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འདུས་སྡོད་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུར་ཁེ་རྒྱུན་པར་རྒྱལ་མཚམས་བརྒལ་ནས་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དམིགས་འབེན་ལ་ཆམ་ཕབ་གཏོང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།