ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་བའི་ཁེ་ལས་པའི་ཚོགས་ཆེན་དང་སྐབས་བརྒྱད་པའི་དངུལ་གཏོང་བགྲོ་གླེང་ཚོགས་འདུ་ཚེས་བཅུ་གཅིག་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་བསྡུས། རྒྱལ་ཁབ་ཉི་ཤུ་ལྷག་ནས་ཡོང་བའི་འཐུས་མི་སྟོང་གསུམ་ལྷག་གྲོས་ཚོགས་ལ་ཞུགས།
སྐབས་འདིའི་ཚོགས་ཆེན་གྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཀྲུང་གོ་དང་ཨ་རབ་ཀྱིས་ལག་རྡང་སྦྲེལ་ནས་མཉམ་དུ་དར་རྒྱས་བསྐྲུན་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད། ཉོ་ཚོང་དང་དངུལ་ལོར། རྨང་གཞིའི་སྒྲིག་ཆས། ནུས་ཁུངས། ལྷད་མེད་ཐོན་ལས་སོགས་གྲོས་གཞིར་དམིགས་ནས་བརྗེ་རེས་བགྲོ་གླེང་སྤེལ་རྒྱུ་ཡིན་པ་དང་། ཐུན་མོང་ལྟ་ཚུལ་གཅིག་ཏུ་བསྡུས་ནས་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་རེད། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི། སོ་ཏི་ཨ་རབ་ཀྱི་དངུལ་གཏོང་བློན་ཆེན་ཧྥ་ལེ་ཧི་སོགས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད་གལ་ཆེན་སྤེལ།
ཧྥེ་སཱ་ཨར་གྱིས་བསྟན་དོན། སྐབས་འདིའི་ཚོགས་ཆེན་ནི་ཨ་རབ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། ཨ་རབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐུན་མོང་གི་མ་འོངས་པ་མཉམ་འཛུགས་བྱས་ཏེ། ཧུར་ཐག་སྒོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
ཀའེ་ཐི་ཡིས་བལྟས་ན། ཨ་རབ་དང་ཀྲུང་གོའི་བར་འབྲེལ་བའི་ལོ་རྒྱུས་རིང་བོ་ལྡན་ཞིང་། སྐབས་འདིའི་ཁེ་ལས་པའི་ཚོགས་ཆེན་ནི་ཨ་རབ་དང་ཀྲུང་གོའི་མཐོ་རིམ་གྲོས་ཚོགས་ཐོག་མའི་རྗེས་མཐུད་དངོས་འབེབས་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་སོང་བའི་གནས་ཚུལ་འོག་ལྷག་ཏུ་དོན་སྙིང་གལ་ཆེན་ལྡན་པར་འདོད།
ཧྥ་ལེ་ཧི་ཡིས་བསྟན་དོན། ཀྲུང་གོ་ནི་ཨ་རབ་རྒྱལ་ཁབ་ཀྱི་འཕེལ་རྒྱས་གྲོགས་པོ་གལ་ཆེན་ཡིན་པ་དང་། ཨ་རབ་དང་ཀྲུང་གོས་གོམ་སྟབས་བརྟན་པོས་ཉོ་ཚོང་འགྲོ་འོང་གིས་ཕྱོགས་གཉིས་ཀྱི་མ་འོངས་པའི་དངུལ་གཏོང་མཉམ་ལས་ཐད་འོད་སྟོང་ལྡན་པའི་མདུན་ལྗོངས་འབྲི་བཞེངས་བྱས་ཡོད་ཟེར།
ཀྲུང་གོ་དང་ཨ་རབ་ཀྱི་ཁེ་ལས་པའི་ཚོགས་ཆེན་དང་དངུལ་གཏོང་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་རྐྱེན་སྲོལ་རང་བཞིན་གྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ལོ་གཉིས་ནང་ ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་རེས་མོས་བཞིན་སྤེལ་བ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྩོན་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།