ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་སྲིད་ཏང་གི་གྲོས་མོལ་གྱིས་གྲོས་ཚོགས་ཐོག་མ་བསྡུས།
2023.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་སྲིད་ཏང་གི་གྲོས་མོལ་གྱིས་གྲོས་ཚོགས་ཐོག་མ་པེ་ཅིང་ནས་བསྡུས། ཧཱ་སག་སི་ཐན་གྲོས་ཁང་ཞོལ་མའི་གྲོས་དཔོན་གཞོན་པ་ལཱ་ཝུའུ་དང་ཅིར་ཅི་སི་སི་ཐན་གྲོས་ཁང་གི་གྲོས་དཔོན་གཞོན་པ་དབྱེ་སཱ་ཡེ་ཝ་སོགས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔ་ནས་ཡོང་བའི་སྲིད་ཏང་ཉེར་དྲུག་གི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ།

ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་བསྟན་དོན། ཉེ་སྔོན་ཐོག་དང་པོར་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་སྤེལ་ནས། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས། ཀྲུང་གོ་གུང་ཁྲན་ཏང་གིས་ཨེ་ཤ་ཡཱའི་རྒྱལ་ཁབ་ལྔའི་སྲིད་ཏང་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ལྔའི་མགོ་གཙོའི་བར་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དེ་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་དག་གི་འཕེལ་རྒྱས་དང་འཐབ་ཇུས་སྦྲེལ་མཐུད་བྱས་ནས། དཔལ་ཡོན་བརྗེ་རེས་དཔེར་འཛིན་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། གཏན་འཇགས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པར་སྲུང་སྐྱོབ་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་འདེད་བཏང་།

གྲོས་ཚོགས་ལ་ཞུགས་པའི་ཨེ་ཤ་ཡཱ་དབུས་མའི་སྲིད་ཏང་གི་མགོ་ཁྲིད་པས་བསྟན་དོན། ཨེ་ཤ་ཡཱ་དབུས་མི་རྒྱལ་ཁབ་དང་ཀྲུང་གོ་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་འཐབ་ཇུས་གྲོགས་པོ་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་བར་གྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་གྱིས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བཏང་སྟེ། ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།