ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ནི་འཛམ་གླིང་གི་བྱིས་པའི་ལས་བཟོ་བ་མེད་པར་གཏོང་བའི་ཉིན་མོ་ཡིན་པ་དང་། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་ཉིན་དེར་སུའེ་ཙེར་གྱི་རི་ནེ་ཝ་ནས་མཐོ་རིམ་གྲོས་ཚོགས་བསྡུས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་བྱིས་པའི་ལས་བཟོ་བའི་སྣང་ཚུལ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།
ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་སྤྱི་ཚོགས་དྲང་བདེན་མངོན་འགྱུར་བྱས་ནས་བྱིས་པའི་ལས་བཟོ་བའི་སྣང་ཚུལ་མེད་པར་གཏོང་དགོས་ཞེས་པ་དེ་ཡིན་ཞིང་། སྤྱི་ཚོགས་ཀྱི་དྲང་བདེན་དང་བྱིས་པའི་ལས་བཟོ་བའི་སྣང་ཚུལ་མེད་པར་གཏོང་བའི་བར་གྱི་འབྲེལ་བ་གནད་དུ་བཟུང་ཡོད། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བྱིས་པའི་ལས་བཟོ་བའི་སྣང་ཚུལ་མེད་པར་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཇི་ལྟར་སྤྱི་ཚོགས་ཀྱི་དྲང་བདེན་མཐོར་འདེགས་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ལ་གྲོས་བསྡུར་བྱས།
རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཧོང་པའོ་ཡིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ནས། མིག་སྔར་འཛམ་གླིང་ཡོངས་སུ་བྱིས་པ་ལས་བཟོ་བའི་ཁ་གྲངས་མི་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལ་བསླེབས་ཡོད་པ་དང་། ཕལ་ཆེར་འཛམ་གླིང་ཡོངས་ཀྱི་བྱིས་པའི་སྤྱི་གྲངས་ཀྱི་བཅུ་ཆའི་གཅིག་ཟིན་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ནི་བྱིས་པའི་ལས་བཟོ་བ་དེ་དག་གི་ཁྲོད་ཀྱི་ཕྱེད་ཀའི་ཡན་ཉེན་ཁ་ཆེ་བའི་ངལ་རྩོལ་རྣམ་པར་གནས་ཡོད་ཅིང་། ཁོ་ཚོའི་ལུས་སེམས་ཀྱི་བདེ་ཐང་ལ་ངེས་པ་དོན་གྱི་འཇིགས་ཉེན་ཐོབ་བཞིན་ཡོད། ང་ཚོས་ངེས་པར་དུ་སྔར་ལས་རྒྱ་ཆེ་བའི་སྤྱི་ཚོགས་དྲང་བདེན་ལ་རྒྱབ་སྐྱོར་བྱས་ནས་བྱིས་པའི་ལས་བཟོ་བའི་སྣང་ཚུལ་ལ་ཆམ་ཕབ་གཏོང་བར་ཤུགས་སྣོན་བྱེད་དགོས་ཟེར།
རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཉིས་སྟོང་ལོའི་ཚུན་ལ། འཛམ་གླིང་ཡོངས་ཀྱིས་བྱིས་པའི་ལས་བཟོ་བའི་སྣང་ཚུལ་མེད་པར་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཀྱང་། འདས་པའི་ལོ་འགའི་ནང་དུ། འཁྲུག་རྩོད་དང་ཉམས་ཉེན། པྲོག་གསར་གློ་ཚད་རིམས་ནད་བཅས་ལས་ཁྱིམ་ཚང་མང་བོ་དབུལ་ཕོངས་སུ་གྱུར་བ་དང་། བྱིས་པ་ས་ཡ་མང་བོ་བྱིས་པའི་ལས་བཟོ་བར་མི་འགྱུར་ཐབས་མེད་བྱུང་ཡོད་ཟེར། གསལ་སྒྲོག་ལས་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་ཚད་གཞི་དང་སྤྱི་ཚོགས་གྲོས་མོལ་རྨང་གཞིར་བྱས་པའི་སྟོབས་དང་ལྡན་པའི་བཅའ་ཁྲིམས་སྒྲོམ་གཞི་བཙུགས་ནས་ཡོངས་ཁྱབ་ཏུ་སྤུས་ལེགས་སློབ་གསོ་དང་སྤྱི་ཚོགས་སྲུང་སྐྱོབ་ཐོབ་པའི་གོ་སྐབས་འདོན་སྤྲོད་བྱེད་པ་དང་། དབུལ་ཕོངས་སེལ་བ་དང་འདྲ་མཉམ་མིན་པ། མཐོང་ཆུང་བཅས་མེད་པར་བྱས་ནས་བྱིས་པའི་ལས་བཟོ་བའི་སྣང་ཚུལ་ལ་ཆམ་ཕབ་གཏོང་དགོས།
ཉིས་སྟོང་གཉིས་ལོའི་ཟླ་དྲུག་པར། རི་ནེ་ཝ་ནས་བསྡུས་པའི་སྐབས་དགུ་བཅུ་བའི་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་ཚོགས་ཆེན་ནས་ལོ་རེའི་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དེ་འཛམ་གླིང་ཡོངས་ཀྱི་བྱིས་པའི་ལས་བཟོ་བ་མེད་པར་གཏོང་བའི་ཉིན་མོར་གཏན་འཁེལ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱིས་པའི་ལས་བཟོ་བའི་གནད་དོན་ལ་དོ་སྣང་ཟབ་མོ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།