རོ་མཱ་ནི་ཡཱའི་ཙུང་ལི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2023.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

རོ་མཱ་ནི་ཡཱའི་ཙུང་ལི་ཁྱིག་ཁི་ཡིས་ཚེས་བཅུ་གཉིས་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེ་བས་སྲིད་འཛིན་མནའ་འབྲེལ་འཛུགས་སྐབས་ཐོག་མར་གཏན་འཁེལ་བྱས་པའི་སྲིད་གཞུང་གི་མགོ་གཙོའི་བརྗེ་སྤོར་ལས་རིམ་མགོ་བརྩམས་པ་རེད།

ཁྱིག་ཁི་ཡིས་ཉིན་དེར་སྲིད་གཞུང་ཐོག་ཁང་ཆེན་མོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། དེ་རིང་ནི་ངས་རོ་མཱ་ནི་ཡཱའི་སྲིད་གཞུང་གི་ཙུང་ལིའི་བྱ་བ་མཇུག་སྒྲིལ་བའི་དུས་ལ་བབས་ཡོད། དེ་ལྟར་བྱས་ན་སྲིད་འཛིན་ཏང་མནའ་འབྲེལ་རིམ་པ་བརྗེ་སྤོར་བྱེད་པའི་ལས་རིམ་དངོས་སུ་མགོ་བརྩམས་ཆོག་ཟེར། ཁོས་ད་རུང་བསྟན་དོན། སྲིད་འཛིན་མནའ་འབྲེལ་ནང་ཁུལ་གྱི་གྲོས་ཆོད་ལྟར་ན། སྲིད་འཛིན་ལས་ཁུངས་གསར་བ་དེས་ཚེས་བཅོ་ལྔ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་ཐུབ་ངེས་རེད་ཟེར།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། ཁྱིག་ཁི་ཡིས་མགོ་ཁྲིད་པའི་རོ་མཱ་ནི་ཡཱའི་སྐབས་གསར་བའི་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། སྲིད་གཞུང་གསར་བ་ནི་རྒྱལ་ཁབ་རང་དབང་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་། ཧང་ག་རིའི་མི་རིགས་དམངས་གཙོ་མནའ་འབྲེལ་བཅས་ཀྱིས་གྲུབ་པའི་ཏང་གསུམ་མཉམ་འབྲེལ་སྲིད་གཞུང་ཞིག་ཡིན། ཏང་གསུམ་གྱིས་བཀོད་པའི་གྲོས་མཐུན་ལྟར་ན། སྲིད་གཞུང་གི་མགོ་གཙོའི་ལས་འགན་དེ་ཉིས་སྟོང་ཉེར་བཞི་ལོའི་ལོ་མཇུག་གི་འདེམ་བསྐོ་ཆེན་མོའི་སྔོན་ལ་སྔ་གཞུག་ཏུ་རྒྱལ་ཁབ་རང་དབང་ཏང་གིས་བཏོན་པའི་ཁྱིག་ཁི་དང་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཆའོ་ལཱ་ཁུའུ་གཉིས་ཀྱིས་རེས་མོས་ལྟར་འགན་ཁུར་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།