ཀྲུང་གོས་སི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་འབྲུ་རིགས་བརྒྱུད་སྤྲོད་མཛད་སྒོ་སི་རི་ཡཱ་ནས་སྤེལ།
2023.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཀྲུང་གོའི་སྲིད་གཞུང་གིས་སི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་འབྲུ་རིགས་བརྒྱུད་སྤྲོད་མཛད་སྒོ་ཚེས་བཅུ་གཅིག་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་སྤེལ། སི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་ཧོང་ཝེ་དང་། སི་རི་ཡཱའི་ཨ་རབ་ཟླ་གསར་དམར་པོ་ཚོགས་པའི་ཀྲུའུ་ཞི་ཧི་པུའུ་པཱ་ཐིས་གཉིས་བརྒྱུད་སྤྲོད་མཛད་སྒོར་ཞུགས།

ཧྲི་ཧོང་ཝེ་ཡིས་མཛད་སྒོའི་སྟེང་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བཅོས་སྐྱོང་གི་གྲོས་གཞི་གལ་ཆེན་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དཀྱིལ་སྙིང་སེམས་ཁུར་ཡང་ཡིན། ད་ལོའི་ལོ་མགོར་སི་རི་ཡཱ་ནས་ས་ཡོམ་དྲག་པོ་བྱུང་བའི་རྗེས་སུ། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡཱ་ལ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། དེ་ལས་ཀྲུང་གོ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་པའི་སྲོལ་རྒྱུན་གྱི་མཛའ་བཤེས་མངོན་པར་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་སི་རི་ཡཱའི་འཕེལ་རྒྱས་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པ་དང་། མ་འོངས་པར་མུ་མཐཐུད་དུ་སི་རི་ཡཱའི་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧི་པུའུ་པཱ་ཐིས་ཀྱིས་བསྟན་དོན། སི་རི་ཡཱ་དང་ཀྲུང་གོ་ནི་གྲོགས་པོ་བཟང་བོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་རྩ་ཆེ་བའི་འབྲུ་རིགས་རོགས་སྐྱོར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་ལ། སི་རི་ཡཱའི་ཕྱོགས་ཀྱིས་གང་མགྱོགས་སྒོས་འབྲུ་རིགས་དེ་དག་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་སྟེར་རྒྱུ་ཡིན། དེ་ལས་སི་རི་ཡཱ་མྱུར་མོར་གནོད་ཐེབས་རྗེས་ཀྱི་དཀའ་ཁག་གི་དུས་རིམ་ལས་ཐར་ཐུབ་པར་ཕན་ཐོགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།