སོ་ཏི་ཨ་རབ་ཀྱི་བཟོ་ལས་དང་གཏེར་ཁའི་ཐོན་ཁུངས་ཀྱི་བློན་ཆེན་ཧུའུ་ལཱ་ཡེ་ཧྥུའུ་ཡིས་ཉེ་སྔོན་ལེ་ཡཱ་ཏི་ནས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་བཟོ་ལས་གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།
ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་བའི་ཁེ་ལས་པའི་ཚོགས་ཆེན་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་བསྡུས།
ཧུའུ་ལཱ་ཡེ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བས་གཉིས་ཕན་མཉམ་རྒྱལ་གཙོར་བཟུང་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་ལ་གོང་འཕེལ་ཆེན་པོ་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རེ་འདུན་གྱི་སྒྲོམ་གཞིའི་འོག་བཟོ་ལས་དང་གཏེར་ཐོན་ཐོན་ཁུངས། ནུས་ཁུངས། དངོས་སྐྱེལ་སོགས་ཁྱབ་ཁོངས་ནས་ཀྲུང་གོའི་བར་གྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།
ཧུའུ་ལཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཀྲུང་གོའི་མཉམ་ལས་གོ་སྐབས་རྒྱ་ཆེ་བ་དང་མདུན་ལྗོངས་འོད་སྟོང་ལྡན། སོ་ཏི་ཨ་རབ་ཀྱི་བཟོ་ལས་དང་གཏེར་ཐོན་ཐོན་ཁུངས་པུའུ་ཡིས་ཆེད་དོན་འཐུས་ཚབ་ཚོགས་པ་བཙུགས་ནས་ཀྲུང་གོའི་ཚོང་འགུག་དངུལ་འདྲེན་ལ་ཁ་གཏད་ཡོད་པ་དང་། སོ་ཏི་ཨ་རབ་ཕྱོགས་ཀྱིས་རང་གི་ཐོན་ཁུངས་ཁྱད་སྟོབས་དང་ཡུལ་བབ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོ་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་པར་དངུལ་གཏོང་གི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།