མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པས་ཚེས་བཅུ་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། ཁོང་གོ་ཅིན་ཤར་ཕྱོགས་ཀྱི་དབྱེ་ཐུའུ་ལི་ཞིང་ཆེན་མངའ་ཁོངས་སུ་ཡོད་པའི་ཡུལ་གྱར་བའི་སྒར་ས་ཞིག་ལ་ཉིན་དེར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཐོག་མར་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱེ་ཐུའུ་ལི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པུའུ་ནེ་ཡཱ་དང་བར་ཐག་སྤྱི་ལེ་དོན་ལྔ་ཡོད་པའི་ཡུལ་གྱར་བའི་སྒར་ས་ཞིག་ལ་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་ཁོང་གོ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཡིན་པར་དོགས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སྤེལ་བའི་སྤྱི་སགྲོག་ལས་བཤད་རྒྱུར། འདས་པོ་མང་ཆེ་བ་སྒར་ས་དེའི་བུད་མེད་དང་བྱིས་པ་ཡིན་ལ། ཉུང་མཐར་ཡང་མི་བཅུ་གཉིས་གཉིད་གུང་ནས་མེར་བསྲེག་པ་རེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་ཚོགས་གཙོ་ཁའེ་ཐཱ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པས་འཇབ་རྒོལ་ཐེབས་པའི་སྒར་སའི་ཉེ་འཁོར་ས་ཁུལ་དུ་དམག་མི་ཁ་སྣོན་བྱས་ཡོད་པར་མ་ཟད། ཁོང་གོ་ཅིན་སྲིད་གཞུང་གིས་རྟོག་ཞིབ་བྱས་ནས་ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།