ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་དུ་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བརྒྱ་དང་གསུམ་རྐྱེན་ལམ་དུ་ཤོར།
2023.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་མཁའ་ལཱ་མངའ་སྡེ་ནས་ཚེས་བཅུ་གཉིས་ཉིན་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱ་དང་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོ་གར་སོང་རྙེད་མེད་ཟེར།

མཁའ་ལཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་ཚེས་བཅུ་གསུམ་ཉིན་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འགྲུལ་བ་གང་དྲུད་པའི་གྲུ་གཟིངས་ཤིག་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་མངའ་སྡེ་དེའི་ཕཱ་ཐེ་ཅི་ས་ཁུལ་གྱི་ཆུ་བོ་ཞིག་ཏུ་བགྲོད་སྐབས་ནུབ་པ་རེད། རྒུད་སྐྱོབ་མི་སྣས་ཆུར་ལྷུང་བའི་མི་བརྒྱ་ཙམ་བསྐྱབས་པ་དང་། འདས་པོའི་བེམ་པོ་བརྒྱ་དང་གསུམ་རྙེད་ཡོད། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

མཁའ་ལཱ་མངའ་སྡེའི་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་གིས་གསལ་སྒྲོག་ནང་བཤད་རྒྱུར། གྲུ་གཟིངས་དེའི་སྟེང་གི་འགྲུལ་བ་དག་ནི་ཉེ་འདབས་ཀྱི་ནེ་ཀྲིར་མངའ་སྡེ་རུ་གཉེན་སྟོན་ལ་ཞུགས་རྗེས་ཕྱིར་ལོག་པའི་ལམ་བར་ནས་གྲུ་གཟིངས་ལ་དོན་རྐྱེན་བྱུང་བ་རེད་ཟེར། མཁའ་ལཱ་མངའ་སྡེའི་སྲིད་གཞུང་གིས་གནོད་ཐེབས་མཁན་ལ་མྱ་ངན་ཞུས་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།