མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་འདྲིས་སྨྱན་བྱད་ཀྱི་ཡིད་རྟོན་གྱི་དུས་རབས་གསར་བར་གསར་འབྱེད་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཉིས་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གྲངས་ལྡན་སྟེགས་བུའི་ཆ་འཕྲིན་ཡིད་རྟོན་སྲིད་ཇུས་ཀྱི་གནས་ཚུལ་མདོར་བསྡུས་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྡང་སེམས་ཀྱི་གཏམ་བརྗོད་དང་ནོར་འཆུག ཆ་འཕྲིན་རྫུན་མ་བཅས་འབྲེལ་འདྲིས་སྨྱན་བྱད་སྟེང་རྒྱ་ཡན་དུ་འགྲོ་བར་དོགས་ཟོན་དང་། གྲུབ་པའི་རྣམ་པ་ཅན་གྱི་མིའི་ཐབས་ཀྱི་རིག་ནུས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་ལས་བཟོས་པའི་མི་མངོན་པའི་གནོད་པར་དོ་སྣང་བྱས་ཏེ། མཉམ་དུ་འབྲེལ་འདྲིས་སྨྱན་བྱད་ཀྱི་ཡིད་རྟོན་གྱི་དུས་རབས་གསར་བ་གསར་བསྐྲུན་བྱེད་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཚན་རྩལ་གསར་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། དེའི་ཞོར་དུ་བྱུང་བའི་འཇིགས་ཉེན་ཀྱང་དེ་ལྟར་ཡིན། གྲུབ་པའི་རྣམ་པ་ཅན་གྱི་མིའི་ཐབས་ཀྱི་རིག་ནུས་ཀྱི་འབྲེལ་ཡོད་གནོད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉེན་བརྡ་བཏང་ཡོད་ཅིང་། གྲངས་ལྡན་སྟེགས་བུ་དེ་ཚན་རིག་མགོ་རྟིང་སློག་པ་དང་། མི་ཐེར་འབུམ་མང་བོར་ཆ་འཕྲིན་རྫུན་མ་དང་སྡང་སེམས་དྲིལ་སྒྲོག་བྱེད་པའི་ཐད་གང་འདོད་དུ་བཀོལ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགུལ་སྐྱོད་དེ་ཡང་དཔུང་འཇུག་གི་དམིགས་འབེན་དུ་གྱུར་ཡོད། དེ་ལས་དངོས་ཡོད་ཀྱི་འཛམ་གླིང་ཡོངས་ཀྱི་འཇིགས་ཉེན་དེས་ང་ཚོས་མཐུན་སྦྱོར་གྱི་འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་སྤེལ་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ལྡན་སྟེགས་བུའི་ཆ་འཕྲིན་ཡིད་རྟོན་གྱི་བྱ་སྤྱོད་རྩ་དོན་གཏན་འབེབས་བྱེད་བཞིན་ཡོད་པ་དང་། ད་ལོའི་ཟླ་དགུ་བར་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། ཁོས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བྱ་སྤྱོད་རྩ་གནད་ཀྱིས་དཔྱད་གཞིར་བཟུང་ཆོག་པའི་འབྲེལ་ཡོད་ཀྱི་གྲོས་གཞི་འདོན་སྤྲོད་བྱས་པ་དང་། དེའི་ནང་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཚན་རྩལ་ཀུང་ཟི། དེ་མིན་ཁེ་ཕན་གྱི་འབྲེལ་བ་ཡོད་པའི་ཕྱོགས་གཞན་པ་བཅས་ཀྱིས་དམིགས་ཡུལ་གང་རུང་གི་ཆེད་དུ་ཆ་འཕྲིན་རྫུན་མ་དང་སྡང་སེམས་ཀྱི་གཏམ་བརྗོད་བེད་སྤྱོད་དང་དེར་རྒྱབ་སྐྱོར་བྱས་ནས་རྒྱ་ཁྱབ་ཏུ་གཏོང་མི་རུང་བའི་འབོད་སྐུལ་བཏང་བ་སོགས་འདུས།

གྲངས་ལྡན་སྟེགས་བུའི་ཆ་འཕྲིན་ཡིད་རྟོན་སྲིད་ཇུས་ཀྱི་གནས་ཚུལ་མདོར་བསྡུས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཉིས་སྟོང་ཉེར་གཅིག་ལོའི་ང་ཚོའི་ཐུན་མོང་གྲོས་རིམ་ཞེས་པའི་སྙན་ཞུའི་ཁྲོད་ཀྱི་གྲོས་གཞི་དག་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པ་ཡིན་ཞིང་། མ་འོངས་པའི་འཛམ་གླིང་ཡོངས་ཀྱི་བརྗོད་དོན་མཉམ་ལས་དང་ཕྱོགས་མང་འགུལ་སྐྱོད་ཀྱི་རེ་འདུན་རྒྱས་བཤད་བྱས་ཡོད། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་དོན་མི་འདྲ་བའི་སྲིད་ཇུས་ཀྱི་གནས་ཚུལ་མདོར་བསྡུར་བཅུ་གཅིག་སྤེལ་ཡོད་པ་དང་། གནས་ཚུལ་མདོར་བསྡུས་འདི་ནི་ཆེས་གསར་དུ་སྤེལ་བ་རེད།



བསོད་ནམས་ཚེ་རིང་གིས་བསྒྱུར།