མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ཚེས་བཅུ་གཉིས་ཉིན་ཕོ་མོའི་སྤྱི་ཚོགས་ཚད་ལྡན་དམིགས་ཚད་ཅེས་པའི་སྙན་ཞུ་གསར་བའི་ནང་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུ་ཙམ་གྱི་མིས་བུད་མེད་ལ་ཕྱོགས་རིས་གང་རུང་བཟུང་ཡོད་པ་དང་། གནས་ཚུ་དེ་འདས་པའི་ལོ་ངོ་བཅུའི་ནང་ལེགས་བཅོས་བྱུང་མེད་ཟེར།
སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་མི་གྲངས་ཕྱེད་ཀའི་ཡན་གྱིས་བལྟས་ན། སྐྱེས་པ་དེ་སྔར་ལས་ལྷག་པའི་ཆབ་སྲིད་གཙོ་འཛིན་དུ་འགྱུར་སྲིད་པར་འདོད་ཡོད་ཅིང་། བརྒྱ་ཆའི་བཞི་བཅུ་ལྷག་གི་མིས་བལྟས་ན། སྐྱེས་པ་དེ་སྔར་ལས་ལྷག་པའི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པར་འགྱུར་སྲིད་པར་འདོད། བརྒྱ་ཆའི་ཉེར་ལྔའི་མིས་བལྟས་ན་སྐྱེས་པས་ཆུང་མར་གཅར་རྡུང་བྱེད་པ་འགྲིག་པར་བསམ་ཡོད། སྙན་ཞུ་ལས་བསྟན་དོན། ཕྱོགས་རིས་དེ་དག་གིས་བུད་མེད་ཀྱི་མདུན་དུ་ལྷགས་པའི་སྤྱི་ཚོགས་གནས་བབ་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོའི་བུད་མེད་ཀྱི་ཁེ་དབང་ལ་གནོད་པ་ཚབས་ཆེན་བཟོས་ཡོད། དེ་ལས་བྱུང་བ་ནི་ས་གནས་ལ་ལས་ཕོ་མོ་འདྲ་མཉམ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཚབས་ཇེ་ཆེ་ཡིན་པ་དང་། རྒྱལ་ཁབ་ལ་ལར་འགྲོ་མིའི་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཟེར།
སྙན་ཞུ་ལས་ད་རུང་བཤད་རྒྱུར། བུད་མེད་ཀྱི་མགོ་ཁྲིད་རིམ་པའི་འཐུས་ཚབ་པ་མང་བོ་མེད་པ་ལས་ཀྱང་ཕོ་མོའི་ཕྱོགས་རིས་མངོན་པར་མཚོན་ཡོད་ཟེར།
སྙན་ཞུ་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཕོ་མོའི་སྤྱི་ཚོགས་ཚད་ལྡན་རྣམ་པ་བསྒྱུར་བའི་ཐད་ནས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར། སྙན་ཞུ་ལས་བྱེད་ཐབས་མང་བོ་སྤྱད་ནས་ཐད་ཀར་སྤྱི་ཚོགས་ཚད་ལྡན་གནད་དོན་ཐག་གཅོད་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད། དེའི་ནང་འབྲེལ་ཡོད་ཀྱི་སློབ་གསོ་སྤེལ་ནས་མི་རྣམས་ཀྱི་ལྟ་ཚུལ་བསྒྱུར་བ་དང་། སྲིད་ཇུས་དང་བཅའ་ཁྲིམས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་བུད་མེད་ཀྱི་འཚོ་བའི་ཁྱབ་ཁོངས་སོ་སོའི་ཁེ་དབང་ཁེ་ལེན་བྱེད་པ། བུད་མེད་ཀྱི་ཐབས་ཇུས་དང་ཆབ་སྲིད་འཕེལ་རིམ་ཁྲོད་ཀྱི་འཐུས་ཚབ་རང་བཞིན་ལ་ཤུགས་སྣོན་པ་སོགས་འདུས།
ཕོ་མོའི་སྤྱི་ཚོགས་ཚད་ལྡན་དམིགས་ཚད་ཅེས་པའི་སྙན་ཞུ་ཐོ་མ་དེ་ཉིས་སྟོང་ཉི་ཤུ་ལོར་བཏོན་པ་དང་། ཐེངས་འདིའི་རྟོག་ཞིབ་གཞི་གྲངས་གསར་བ་དེ་ནི་རྒྱལ་ཁབ་དང་ས་ཁུལ་བརྒྱད་ཅུ་ལྷག་ནས་ཡོང་བ་ཡིན་ལ། འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་གྱ་ལྔའི་མི་གྲངས་ལ་ཁེབས་ཡོད། ཐེངས་འདིར་གསར་བསྒྱུར་བྱས་པའི་སྙན་ཞུར་ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་གྱི་རྟོག་ཞིབ་གཞི་གྲངས་གསར་བ་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།