ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་བཅུ་གཉིས་ཉིན་ཙུང་ཐུང་བཞུགས་ཤག་གི་མེ་ཏོག་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་གསར་བ་མང་བོ་བཀོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། རྒྱུན་ཆད་མེད་པར་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་རྒྱུ་ཁས་ལེན་བྱས།
མཱ་ཏུའུ་ལོ་ཡིས་བསྟན་དོན། ལའེ་ཞི་ཡི་ཐེངས་འདིའི་འཚམས་འདྲི་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་བྱུང་བ་མཚོན་ཡོད་ཟེར། ཕྱོགས་གཉིས་ཀྱིས་ཉིན་དེར་རྡོ་སྣུམ་དང་རང་བྱུང་སོལ་རླངས། རྫས་འགྱུར་བཟོ་ལས། གཏེར་ལས་སོགས་ཁྱབ་ཁོངས་ལ་འབྲེལ་བའི་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་ཉེར་ལྔ་བཀོད་ཡོད།
ཁོས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་དང་དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་འཛམ་གླིང་གི་རྣམ་པ་གསར་བའི་འཛུགས་སྐྲུན་ཁྲོད་ཞུགས་དགོས་ཟེར།
ལའེ་ཞི་ཡིས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་དང་དབྱི་ལིང་རྒྱལ་ཁབ་ལ་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་ཡོད་པ་དང་། ང་ཚོ་ནི་དཀའ་སྡུག་གི་དུས་སུ་ཕན་ཚུན་རོགས་སྐྱོར་བྱེད་པའི་གྲོགས་པོ་ཡིན་ཟེར། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་དམིགས་འབེན་དེ་ཐོག་མར་མེ་སྒོར་ཐེར་ཆེན་གཅིག་ལ་མཐོར་འདེགས་གཏོང་བ་དང་། མ་འོངས་པར་མེ་སྒོར་ཐེར་ཆེན་གཉིས་ལ་བསླེབ་པར་རེ་བཞིན་ཡོད་ཟེར།
དེ་ནི་ལའེ་ཞི་ཡིས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཐོག་དང་པོར་ལཱ་ཏེན་མེ་གླིང་དུ་འཚམས་འདྲི་བྱས་པ་རེད། ཁོས་ད་རུང་ཁུ་པཱ་དང་ནི་ཁཱ་ར་ཀྭ་ལ་འཚམས་འདྲི་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།