ཞི་ལཱའི་ཉེ་འདབས་མཚོ་ཁོངས་སུ་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་སྟེ་མི་དོན་དགུ་རྐྱེན་ལམ་དུ་ཤོར།
2023.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཞི་ལཱའི་སྨྱན་བྱད་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་ཉིན་དེའི་ཞོགས་པར་ཞི་ལཱའི་ལྷོ་ནུབ་ཕྱོགས་ཀྱི་ཉེ་འདབས་ཀྱི་སྤྱི་གཞུང་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། དེ་ལས་མི་དོན་དགུ་རྐྱེན་ལམ་དུ་ཤོར། ཞི་ལཱའི་སྲིད་གཞུང་གིས་ཉིན་དེར་རྒྱལ་ཡོངས་ནས་ཉིན་གསུམ་རིང་མྱ་ངན་ཞུ་དགོས་པ་ཁྱབ་བསྒྲགས་བྱས།

ཞི་ལཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། རྒྱ་མཚོར་ནུབ་པའི་གྲུ་གཟིངས་དེ་པའོ་ལོ་པིན་ནེ་སཱ་ཕྱེད་གླིང་ལྷོ་ནུབ་ཕྱོགས་ཀྱི་ཕིས་ལོ་སི་གྲོང་རྡལ་ཉེ་འདབས་ཀྱི་ས་དཀྱིལ་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་རེད་ཟེར། ཞི་ལཱའི་མཚོ་འགྲུལ་དང་གླིང་ཕྲན་སྲིད་ཇུས་པུའུ་ཡི་མགྲིན་ཚབ་པ་ཡཱ་ལེ་ཁི་ཞི་ཝུའུ་ཡིས་བཤད་རྒྱུར། མི་བརྒྱ་དང་བཞི་བསྐྱབས་པ་དང་། མིག་སྔར་གྲུ་གཟིངས་སྟེང་གི་སྤྱིའི་མི་གྲངས་གཏན་འཁེལ་གསལ་བོ་བྱེད་ཐབས་མེད་ལ། རྒུད་སྐྱོབ་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཡཱ་ལེ་ཁི་ཞི་ཝུའུ་ཡིས་བཤད་རྒྱུར། ཞི་ལཱ་ཡིས་དབྱི་ཐཱ་ལེ་ཕྱོགས་ནས་རྒྱུས་ལོན་བྱུང་བའི་གྲུ་གཟིངས་དེའི་འབྲེལ་ཡོད་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་ས་དཀྱིལ་མཚོ་ཁོངས་ཀྱི་ཆེས་ཟབ་སར་ནུབ་པ་ཡིན་ལ། གྲུ་གཟིངས་སྟེང་གི་མི་སྣས་ཉེན་སྐྱོབ་ལྭ་བ་གོན་མེད་ཟེར།

ཞི་ལཱའི་སྨྱན་བྱད་ཀྱིས་བཤད་རྒྱུར། གྲུ་གཟིངས་དེའི་སྟེང་ཉུང་མཐར་ཡང་མི་བཞི་བརྒྱ་དྲུད་ཡོད་པ་དང་། སྲོག་ཉེན་ལས་ཐར་མཁན་གྱིས་རྒུད་སྐྱོབ་མི་སྣར་བཤད་ན། གྲུ་གཟིངས་དེ་ནི་ལི་པུ་ཡཱ་ནས་ལམ་དུ་ཆས་པ་ཡིན་ལ། དམིགས་སའི་ཡུལ་ནི་དབྱི་ཐཱ་ལེ་ཡིན་ཟེར། ཞི་ལཱ་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ས་དེའི་དགོང་མོའི་དུས་ཚོད་དགུ་ནས་བཟུང་རྒྱལ་ཡོངས་ནས་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།