ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་དམིགས་ནས་དམག་དོན་འགུལ་སྐྱོད་སྤེལ་ནས། ཉུང་མཐར་ཡང་རྩ་འཛུགས་དེའི་དྲག་ཆས་མི་སྣ་ཞེ་གཅིག་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། གོང་གི་འགུལ་སྐྱོད་དེ་ནི་མི་དམངས་སྲུང་སྐྱོབ་དམག་དཔུང་གི་དྲག་ཆས་མི་སྣས་ཉེ་སྔོན་སྤེལ་བའི་འཇབ་རྒོལ་ལ་འཁོན་ལན་སློག་ཆེད་ཡིན་ཟེར། དྲག་ཆས་རྩ་འཛུགས་དེས་ཟླ་འདིའི་ཚེས་བཅུ་གཅིག་ཉིན་ཐུར་ཁེ་ཕྱོགས་ཀྱིས་ཚོད་འཛིན་བྱེད་པའི་སི་རི་ཡཱའི་བྱང་ཕྱོགས་ཀྱི་རྟེན་གཞི་ཞིག་དང་ཐུར་ཁེའི་ལྷོ་ཕྱོགས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་པ་རེད།
སི་རི་ཡཱ་ནས་ཉིས་སྟོང་བཅུ་གཅིག་ལོར་ནང་འཁྲུག་བྱུང་བའི་ཚུན་ལ། མི་དམངས་སྲུང་སྐྱོབ་དམག་དཔུང་དེ་ཁུའུ་ཨར་ཏིའི་མི་འདུས་སྡོད་བྱེད་སའི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགྲོ་འདུག་བྱེད་པ་དང་། གཙོ་བོ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འཐབ་འཁྲུག་བྱེད་བཞིན་ཡོད་ལ། ད་ལྟ་སི་རི་ཡཱའི་བྱང་ཕྱོགས་ཀྱི་ས་ཁུལ་ཆེན་པོར་ཚོད་འཛིན་བྱེད་བཞིན་ཡོད་ཟེར། ཐུར་ཁེའི་སྲིད་གཞུང་གིས་བལྟས་ན་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་དང་ཐུར་ཁེའི་ཁུའུ་ཨར་ཏི་བཟོ་བའི་ཏང་བར་འབྲེལ་བ་ཡོད་པར་འདོད་པ་དང་། ཐུར་ཁེ་ཡིས་ཁུའུ་ཨར་ཏི་བཟོ་བའི་ཏང་དེ་འཇིགས་སྐུལ་རྩ་འཛུགས་སུ་རློམ་ཡོད་པ་རེད། ཁུའུ་ཨར་ཏི་བཟོ་བའི་ཏང་ནི་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུའུ་ཨར་ཏི་བའི་འདུས་སྡོད་ས་ཁུལ་དུ་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། དེའི་དྲག་ཆས་མི་སྣ་མང་ཆེ་བ་ད་ལྟ་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འདུས་སྡོད་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུར་ཁེ་ཡིས་རྒྱལ་ཁོངས་བརྒལ་ནས་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དམིགས་འབེན་ལ་རྒྱུན་དུ་ཆམ་ཕབ་གཏོང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།