ཁི་ཝེ་ཐི་ཡིས་ཡང་བསྐྱར་ཨེ་ཧཱ་མེད་ཏི་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱས།
2023.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཁི་ཝེ་ཐིའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཁི་ཝེ་ཐིའི་རྒྱལ་རྒྱུད་མུས་ཧྲ་ལེ་ཡིས་ཉིན་དེར་མགོ་ཁྲིད་པའི་བཀའ་རྒྱ་བཀོད་དེ། ཨེ་ཧཱ་མེད་ཏི་ཡང་བསྐྱར་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱས།

བསྒྲགས་པ་ལྟར་ན། མགོ་ཁྲིད་པའི་བཀའ་རྒྱ་དེ་ལྟར་ན། ཨེ་ཧཱ་མེད་ཏི་ཡིས་སྲིད་འཛིན་ལས་ཁུངས་གསར་འཛུགས་བྱེད་པའི་འགན་ཁུར་རྒྱུ་ཡིན་པ་དང་། ཁོས་རྒྱལ་དམངས་གྲོས་ཁང་ལ་དངོས་སུ་བརྡ་གཏོང་རྒྱུ་རེད།

ཟླ་དྲུག་པའི་ཚེས་དྲུག་ཉིན། ཁི་ཝེ་ཐིའི་འདེམ་དམངས་ཀྱིས་འདེམ་ཤོག་འཕངས་ནས་སྐབས་བཅུ་བདུན་པའི་རྒྱལ་དམངས་གྲོས་ཁང་བདམས་པ་དང་། འདེམ་སྒུག་པ་ཉིས་བརྒྱ་དང་བདུན་གྱི་ཁྲོད། བསྡོམས་པས་མི་ལྔ་བཅུ་བདམས་ཐོན་བྱུང་། ཁི་ཝེ་ཐིའི་རྩ་ཁྲིམས་ལྟར་ན། གྲོས་ཁང་གི་འདེམ་བསྐོའི་རྗེས་སུ་སྲིད་འཛིན་ལས་ཁུངས་ཀྱིས་ལས་སྐྱུར་དགོངས་ཞུ་བྱེད་དགོས་པ་རེད། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། རྒྱལ་དམངས་གྲོས་ཁང་གིས་གྲས་ཚོགས་ཐོག་མ་བསྡུས་ནས་གྲོས་དཔོན་འདེམ་བསྐོ་བྱེད་རྒྱུ་རེད། ཁི་ཝེ་ཐི་ཡིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་པ་དང་། སྐབས་རེའི་འགན་ཡུན་ལོ་ངོ་བཞི་རེད།

གཅིག་སྟོང་དགུ་བརྒྱ་ང་དྲུག་ལོར་སྐྱེས་པའི་ཨེ་ཧཱ་མེད་ཏི་ནི་མགོ་ཁྲིད་པ་ནཱ་ཝ་ཧྥུའུ་ཡིས་བུ་ཡིན་པ་དང་། སྔོན་ཆད་ཁི་ཝེ་ཐིའི་རྒྱལ་དམངས་ཉེན་ཟོན་རུ་ཁག་གི་བཀོད་འདོམ་དཔོན་པོ་གཞོན་པ་དང་། དབུ་བཞུགས་བློན་ཆེན་གཞོན་པ་དང་པོའམ་ནང་སྲིད་བློན་ཆེན་གྱི་འགན་ཁུར་མྱོངས་། ན་ནིང་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། ཁི་ཝེ་ཐིའི་རྒྱལ་རྒྱུད་མུས་ཧྲ་ལེ་ཡིས་མགོ་ཁྲིད་པའི་བཀའ་རྒྱ་བཀོད་ནས། ཨེ་ཧཱ་མེད་ཏི་ཐོག་དང་པོར་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།