མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་མིག་སྔའི་སུའུ་ཏན་གྱི་འཁྲུག་རྩོད་གནས་བབ་འོག སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དྲག་ཤུགས་དོན་རྐྱེན་བྱུང་བར་ཉེན་བརྡ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་བྱུང་བའི་འཁྲུག་རྩོད་ལས་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དྲག་ཤུགས་དོན་རྐྱེན་བྱུང་ནས་མི་སྣར་ཤི་རྨས་བཟོས་ཡོད། དེའི་འབྲེལ་ཡོད་གནས་ཚུལ་ནི་མི་རྣམས་ཧ་ལས་པ་ཞིག་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ས་དེའི་དྲག་ཤུགས་དོན་རྐྱེན་ལས་རིགས་རྒྱུད་ཀྱི་ཁྱད་ཆོས་མངོན་པར་མཚོན་ཡོད་པ་དང་། དུས་མཉམ་དུ་ད་རུང་ལོག་གཡེམ་དྲག་ཤུགས་སྐོར་གྱི་སྙན་ཞུ་ཡང་ཡོད་པས། ཁོས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་དམིགས་བསལ་འཐུས་མི་ཕའེ་ཨར་ཐི་སི་ཡིས་ཀྱང་ཉིན་དེར་གནས་ཚུལ་དེའི་ཐད་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཁོས་བསྟན་དོན། གལ་ཏེ་བདེན་དཔང་ཐོབ་ན། འཇབ་རྒོལ་བྱ་སྤྱོད་དེ་རིགས་ཀྱིས་མིའི་རིགས་ལ་རྒོལ་བའི་ནག་ཉེས་གྲུབ་ཡོད་ངེས་རེད་ཟེར། ཕའེ་ཨར་ཐི་སི་ཡིས་ནན་གྱིས་བསྟན་དོན། འཇབ་རྒོལ་གྱི་རྣམ་པ་ཅི་འདྲ་ཡིན་པ་དང་དོན་རྐྱེན་དེ་བཟོ་མཁན་སུ་ཡིན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁ་ཚིག་དྲག་པོས་མི་སེར་དཀྱུས་མ་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་རིགས་རྒྱུད་ཚར་གཅོད་སྔོན་འགོག་བྱེད་པའི་དམིགས་བསལ་བློ་འདོན་པ་ཨིན་ཏི་ལི་ཐུའུ་ཡིས་སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་མི་འཇོག་པ་དང་མངོན་སུམ་འཛེམ་མེད་ཀྱིས་འཁྲུག་རྩོད་མཚམས་འཇོ་པའི་གྲོས་མཐུན་སྣང་མེད་དུ་བསྐྱུར་བར་རྒོལ་གཏམ་དྲག་པོ་བཏང་། མོས་ཉེན་བརྡ་བཏང་སྟེ། གལ་ཏེ་སུའུ་ཏན་གྱི་ས་ཁུལ་རེ་འགར་བྱུང་བའི་དྲག་ཤུགས་དང་རིགས་རྒྱུད་བར་གྱི་འཁྲུག་རྩོད་དེ་ཐག་གཅོད་མ་བྱས་ན། རྒྱལ་ཁབ་ཧྲིལ་བོར་ནང་འཁྲུག་འབྱུང་སྲིད་པའི་ཉེན་ཁ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།