མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས་བཅུ་བཞི་ཉིན་སྤེལ་བའི་འཛམ་གླིང་ཡོངས་ཀྱི་གནས་བབ་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་ཡུལ་འཁྱམས་བྱེད་པའི་མི་གྲངས་མུ་མཐུད་དུ་ཇེ་མང་ལ་འགྲོ་བའི་སྣང་ཚུལ་ཡོད་པ་དང་། ཟླ་ལྔ་བར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལ་བསླེབས་ཡོད་ལ། ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད་ཟེར།
སྙན་ཞུ་ལས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་གི་བར། འཐབ་འཁྲུག་དང་འཁྲུག་རྩོད། ནམ་ཟླའི་འགྱུར་ལྡོག་སོགས་རྒྱུ་རྐྱེན་དབང་གིས་ཡུལ་འཁྱམས་བྱེད་པའི་མི་གྲངས་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་འབུམ་བཞིར་བསླེབས་ཡོད། སྔོན་གྱི་ལོ་གཉིས་ཀྱི་དུས་མཉམ་དང་བསྡུར་ན་མི་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་གཅིག་འཕར་ནས། ལོ་རྒྱུས་སྟེང་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད་ཟེར།
འཛམ་གླིང་ཡོངས་ཀྱི་ཡུལ་འཁྱམས་མི་སྣའི་ཁྲོད། མི་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གསུམ་ནི་རྒྱལ་ཁོངས་བརྒལ་ནས་བདེ་འཇགས་འཚོལ་ཞིབ་བྱེད་པའི་ཡུལ་གྱར་བ་ཡིན་པ་དང་། མི་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་ལྔ་ནི་འཁྲུག་རྩོད་དང་དྲག་ཤུགས་དབང་གིས་རང་ཡུལ་དང་ཁ་བྲལ་ནས་རྒྱལ་ནང་གི་གནས་གང་སར་ཡུལ་འཁྱམས་བྱེད་བཞིན་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་བཤད་རྒྱུར། ཁ་གྲངས་འདི་དག་ལས་འཁྲུག་རྩོད་འབྱུང་སླར་བ་དང་། ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་མྱུར་ཚད་ཧ་ཅང་དལ་བས། མཇུག་འབྲས་ནི་མི་ཁྲི་སྟོང་མང་བོ་རང་ཡུལ་དང་བྲལ་ནས། འཁྲུག་རྩོད་ལས་བྱུང་བའི་ཡུལ་འཁྱམས་དང་ཆགས་འཇིག་གི་སྡུག་བསྔལ་མྱོང་བཞིན་ཡོད་ཟེར།
སྙན་ཞུ་ལས་ནན་གྱིས་བསྟན་དོན། ཡོང་འབབ་དམའ་བའམ་འབྲིང་གི་རྒྱལ་ཁབ་དག་གིས་ཡུལ་གྱར་བ་མང་ཆེ་བ་དང་ལེན་བྱས་པ་རེད། འཛམ་གླིང་སྟེང་བརྒྱ་ཆའི་ཉི་ཤུའི་ཡུལ་གྱར་བ་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཞེ་དྲུག་གིས་དང་ལེན་བྱས་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱིས་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་གཅིག་དང་གྲངས་ཆུང་གསུམ་ཙམ་ལས་ཟིན་མེད་ཟེར།
ཀི་ལན་ཏིས་ཀྱིས་བསྟན་དོན། རྒྱལ་སྤྱིའི་རྒྱབ་སྐྱོར་དང་སྔར་ལས་འདྲ་མཉམ་གྱི་འགན་འཁྲིའི་ཁག་བགོས་བྱེད་པར་དགོས་གལ་ཧ་ཅང་ཆེ། ཆེས་གལ་ཆེ་བ་ནི་ང་ཚོས་སྔར་ལས་འབད་བརྩོན་བྱས་ནས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་པ་དང་བཀག་རྒྱ་སེལ་ནས། ཡུལ་གྱར་བ་དག་རང་འགུལ་དང་བདེ་འཇགས། ལ་རྒྱ་ཡོད་པའི་སྒོ་ནས་ཕྱིར་ཕ་ཡུལ་དུ་ལོག་ཏུ་འཇུག་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་ཀྲུང་གོར་སྡོད་པའི་འཐུས་མི་ལུའུ་ཕའེ་ཧི་ཡིས་གསར་འགོད་པར་བཤད་རྒྱུར། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ནི་འཛམ་གླིང་ཡུལ་གྱར་བའི་ཉིན་མོ་རེད། འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པར་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་མི་རྣམས་ཀྱིས་མཐུན་སྒྲིལ་གཅིག་གྱུར་ངང་འགུལ་སྐྱོད་སྤེལ་དགོས་ཟེར། ལུའུ་ཕའེ་ཧི་ཡིས་ཀྲུང་གོས་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་འདོན་སྤྲོད་བྱས་པའི་རོགས་སྐྱོར་དང་རྒྱབ་སྐྱོར་གལ་འགངས་ཧ་ཅང་ཆེ་བར་བཤད་པ་དང་ཁོས་དོན་དེར་གཟེངས་བསྟོད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།