མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཆེད་རྗེས་དྲན་རྩིག་པ་ལས་རྒྱུ་རེད།
2023.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཚེས་བཅུ་བཞི་ཉིན་གྲོས་ཆོད་བཀོད་དེ། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཆེད་རྗེས་དྲན་རྩིག་པ་ལས་རྒྱུ་ཐག་བཅད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཉིན་དེར་བརྡས་གཅོད་མ་བྱས་པར་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་བ་དང་། ལོ་ངོ་གསུམ་ནང་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣའི་རྗེས་དྲན་རྩིག་པ་ཞིག་ལས་པའི་གྲོས་གཞིར་དགའ་བསུ་ཞུས། གྲོས་ཆོད་ལྟར་ན། རྗེས་དྲན་རྩིག་པ་དེའི་འཆར་འགོད་དང་འཛུགས་སྐྲུན། སྲུང་སྐྱོབ་སོགས་ཀྱི་གྲོན་དངུལ་ཚང་མ་རང་འགུལ་གྱིས་ཞལ་འདེབས་འབུལ་བའི་ཐབས་ཀྱིས་བསྡུ་རྒྱུ་ཡིན་པ་དང་། རྗེས་དྲན་རྩིག་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་རྒྱལ་སྤྱིའི་ཉིན་མོའི་མཛད་སྒོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དང་འབྲེལ་བའི་བྱ་འགུལ་གཞན་པ་སྤེལ་སའི་གྲས་སུ་འཇོག་རྒྱུ་རེད།

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོག་སཆེན་ནས་གྲོས་ཆོད་གཞན་ཞིག་ལ་གྲོས་མཐུན་བཀོད་དེ། ཞི་བདེ་རིག་གནས་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས། གྲོས་ཆོད་ལས་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས། ས་ཁོངས་དང་ས་ཁོངས་ཕལ་བའི་རྩ་འཛུགས། དེ་མིན་འབྲེལ་ཡོད་ཚོགས་ཁག་གིས་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ན་གཞོན་དག་གི་ཟབ་ཞུགས་ལ་སྐུལ་མ་གཏོང་བ་དང་། སློབ་གསོའི་བྱེད་ཐབས་ལ་བརྟེན་ནས་ན་གཞོན་དག་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་བྱ་སྤྱོད་ནང་ཞུགས་པར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། གྲོས་ཆོད་ལས་ཕྱོགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ལོ་རེའི་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་གྱི་རྒྱལ་སྤྱིའི་ཞི་བདེ་ཉིན་མོར་མཐོང་ཆེན་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།