ཁཱ་ཐར་གྱི་མགོ་ཁྲིད་པས་དབྱི་རག་ཏུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་སྐུལ་འདེད་བཏང་།
2023.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས་བཅོ་ལྔ་ཉིན་པཱ་ཀི་ཏཱ་ནས་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་ནུས་ཁུངས་མཁོ་འདོན་སོགས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་རྒྱ་ཆེར་སྤེལ་བར་ཡིད་འཐད་བྱུང་།

གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སུའུ་ཏཱ་ནེ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཁཱ་ཐར་གྱི་དབྱི་རག་གི་བསྐྱར་འཛུགས་བརྒྱུད་རིམ་ཁྲོད་ཀྱི་དངུལ་གཏོང་གོ་སྐབས་ལ་གྲོས་བསྡུར་བྱས་པ་དང་། དབྱི་རག་ཕྱོགས་ཀྱིས་ཁཱ་ཐར་དབྱི་རག་གི་གསར་སྤེལ་ལས་གཞིའི་ནང་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་ཟེར་། ཐཱ་མུས་མུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ས་ཁོངས་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་པའི་གྲོས་གཞི་དང་མཚོ་ཁུགས་ས་ཁུལ་གྱི་གློག་ཤུགས་མཉམ་འབྲེལ་གཅིག་བརྟེན་ལ་རྒྱབ་སྐྱོར་བྱེད་པ། དབྱི་རག་གི་གློག་ཤུགས་དགོས་མཁོ་བསྐང་བ་སོགས་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། ཁཱ་ཐར་གྱིས་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་དངུལ་གཏོང་། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དབྱི་རག་གི་ཙུང་ལིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེའི་སྔ་དྲོར། སུའུ་ཏཱ་ནེ་དང་ཐཱ་མུས་མུའུ་ཡིས་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་མོལ་ལ་མགོ་འཛིན་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་རེ་འདུན་གསལ་སྒྲོག་དང་མཉམ་ལས་ཡིག་ཆ་མང་བོའི་མིང་འགོད་མཛད་སྒོར་ཞུགས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཉམ་འབྲེལ་རེ་འདུན་གསལ་སྒྲོག་སྤེལ་བའི་དམིགས་ཡུལ་ནི་ཆབ་སྲིད་དང་དཔལ་འབྱོར། ནུས་ཁུངས། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།