སི་ཕན་གྱི་དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་ཐོན་ལས་འཕེལ་རྒྱས་དང་ཉོ་ཚོང་འབྲེལ་བའི་སྣ་མང་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
2023.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། སི་ཕན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་འཐབ་ཇུས་ཐོན་ལས་འཕེལ་རྒྱས་དང་ཉོ་ཚོང་འབྲེལ་བའི་སྣ་མང་ཅན་ལ་སྐུལ་འདེད་བཏང་སྟེ། ཡོ་རོབ་གླིང་མནའ་འབྲེལ་དེ་ནུས་ཁུངས་དང་བདེ་ཐང་། གྲངས་ལྡན་ལག་རྩལ། ཟས་རིགས་སོགས་གནད་འགག་ཁྱབ་ཁོངས་ཀྱི་བར་བརྒལ་དང་རྒྱལ་ཁབ་གཞན་པར་བརྟེན་པའི་རྣམ་པ་ལས་ཐར་དུ་འཇུག་རྒྱུ་ཡིན་ཟེར།

སི་ཕན་གྱིས་ད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། འགན་ཡུན་ལོ་ཕྱེད་རེད། སིང་ཆེ་སི་ཡིས་ཉིན་དེར་མཱ་ཏི་ལེའི་དབུ་བཞུགས་བློན་ཆེན་བཞུགས་ཤག་མིན་ཁི་ལོ་ཡཱ་ཕོ་བྲང་ནས་སི་ཕན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་གཙོ་བོར་བཟུང་ནས་དོ་སྣང་བྱེད་པའི་ལས་དོན་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། མ་འོངས་པའི་ལོ་ཕྱེད་ནང་། སི་ཕན་གྱིས་གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་གྱི་བཟོ་ལས་ཅན་དང་སྐྱེ་ཁམས་སྤོར་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་དྲང་བདེན་ལ་སྐུལ་འདེད་གཏོང་བ། ཡོ་རོབ་གླིང་གི་གཅིག་གྱུར་ལ་ཤུགས་སྣོན་པ་སོགས་ཕྱོགས་བཞིའི་ཐད་ཀྱི་གནད་དོན་ལ་དོ་སྣང་བྱེད་རྒྱུ་ཡིན་ཟེར།

སིང་ཆེ་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་སྒོ་འབྱེད་རང་བཞིན་གྱི་འཐབ་ཇུས་རང་བདག་དབང་ཆར་འགན་སྲུང་བྱེད་ཆེད། སི་ཕན་གྱིས་མ་འོངས་པའི་ཟླ་ངོ་དྲུག་གི་ནང་འཐབ་ཇུས་ཐོན་ལས་འཕེལ་རྒྱས་དང་ཉོ་ཚོང་འབྲེལ་བའི་སྣ་མང་ཅན་ལ་སྐུལ་འདེད་བཏང་སྟེ། ཡོ་རོབ་གླིང་མནའ་འབྲེལ་དེ་ནུས་ཁུངས་དང་བདེ་ཐང་། གྲངས་ལྡན་ལག་རྩལ། ཟས་རིགས་སོགས་ཁྱབ་ཁོངས་གཙོ་བོའི་བར་བརྒལ་དང་རྒྱལ་ཁབ་གཞན་པར་བརྟེན་པའི་རྣམ་པ་བསྒྱུར་རྒྱུ་ཡིན། དེའི་ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བར་ཤུགས་སྣོན་པ་དེ་སི་ཕན་སྲིད་གཞུང་གི་བྱ་བའི་ནང་དོན་གལ་ཆེན་ཞིག་ཏུའང་འགྱུར་ངེས་ཡིན་ཟེར།

སིང་ཆེ་སི་ཡིས་བཤད་རྒྱུར། སི་ཕན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། གློག་ཤུགས་ཚོང་རའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལ་མྱུར་མོར་བཀོད་སྒྲིག་བྱེད་རྒྱུ་མ་ཟད། གློག་རིན་ཇེ་དམའ་རུ་བཏང་ནས་ཡོ་རོབ་གླིང་གི་ཀུང་ཟི་དག་ལ་འགྲན་རྩོད་སྔར་ལས་ཆེན་པོ་ལྡན་པར་བྱེད་རྒྱུ་ཡིན་ཟེར།

སྤྱི་ཚོགས་དང་དཔལ་འབྱོར་གྱི་དྲང་བདེན་ཐད་ནས་སིང་ཆེ་སི་ཡིས་བསྟན་དོན། སི་ཕན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐུན་མོང་དང་ཆེས་དམའ་བའི་ཚོང་ལས་ཁྲལ་བསྡུའི་ཚད་གཞི་འཛུགས་དགོས་པར་མ་ཟད། རྒྱལ་ཁོངས་བརྒལ་བའི་ཀུང་ཟི་ཆེན་མོ་དག་གི་ཁྲལ་ཡོལ་བྱ་སྤྱོད་ལ་ཆམ་ཕབ་གཏོང་དགོས་པའི་གྲོས་གཞི་བཏོན། དེ་ལས་གཞན་སྔར་ལས་འདྲ་མཉམ་གྱི་ངལ་རྩོལ་ནུས་པའི་ཚོང་ར་གསར་འཛུགས་བྱས་ནས། བཟོ་བའི་ངལ་རྩོལ་ཁྱབ་ཁོངས་ཀྱི་ཁེ་དབང་རྒྱ་བསྐྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།