དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་ཚེས་བཅུ་བཞི་ཉིན་ནི་ཁཱ་ར་ཀྭའི་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ རང་གི་འདོད་བློ་དེ་རྒྱལ་ཁབ་གཞན་པའི་མགོར་བཙན་འཇོག་བྱས་པ་དང་། དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས་རྒྱལ་ཁབ་གཞན་པའི་གཏན་འཇགས་ལ་གཏོར་བརླག་བྱས་པར་རྒོལ་གཏམ་བཏང་།
ལའེ་ཞི་ཡིས་བཤད་རྒྱུར། དབྱི་ལིང་དང་ནི་ཁཱ་ར་ཀྭའི་བར་ཐུན་མོང་གི་གསར་བརྗེ་དང་འཐབ་རྩོད། ཐུན་མོང་དགྲ་བོ་འགོག་རྒོལ་བྱས་པའི་ལོ་རྒྱུས་ལྡན་པ་དང་། འགྲོ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་སྲུང་སྐྱོབ་མཁན་བཅས་སུ་རང་བསྔགས་བྱེད་པའི་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་གི་འདོད་བློ་དེ་རྒྱལ་ཁབ་གཞན་པའི་མགོར་བཙན་འཇོག་བྱེད་པར་དགའ་བ་དང་། གལ་ཏེ་ཁོ་ཚོའི་དམག་དོན་བཙན་འཛུལ་དང་སྲིད་འགྱུར་ལེགས་འགྲུབ་མ་བྱུང་ན། དཔལ་འབྱོར་བཀག་སྡོམ་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་གཞན་པའི་གཏན་འཇགས་ལ་གཏོར་བརླག་བྱེད་པ་རེད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་དང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཕཱ་ལེ་སི་ཐན་དང་ལེ་པཱ་ནུན། ཨ་ཧྥུའུ་ཧན། དབྱི་རག སི་རི་ཡཱ། ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་དག་ནས་སྤེལ་བའི་བྱ་སྤྱོད་ལས་དོན་དེ་གསལ་བཤད་གང་ལེགས་བྱས་ཡོད་ཟེར།
ལའེ་ཞི་དང་ནི་ཁཱ་ར་ཀྭའི་ཙུང་ཐུང་ཨོ་ཨར་ཐི་ཅཱ་གཉིས་ཉིན་དེར་ཕྱོགས་གཉིས་ཀྱི་གྲོས་མཐུན་མང་བོ་འགོད་པའི་མཛད་སྒོར་ཞུགས། ཨོ་ཨར་ཐི་ཅཱ་ཡིས་མཛད་སྒོའི་སྟེང་ལའེ་ཞི་ཡི་ཐེངས་འདིའི་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་གསུམ་གྱི་འགྲུལ་བཞུད་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཁོས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་དང་ནི་ཁཱ་ར་ཀྭ། ཁུ་པཱ་བཅས་ཀྱི་མི་དམངས་ཀྱིས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་བདག་དབང་དང་གཞི་གཅིག་ཅན་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།
ཨོ་ཨར་ཐི་ཅཱ་ཡིས་ཁྱབ་བསྒྲགས་བྱས་དོན། ནི་ཁཱ་ར་ཀྭ་དང་དབྱི་ལིང་གིས་གྲོས་མཐུན་གལ་ཆེན་མང་བོ་བཀོད་ཡོད་ཅིང་། དེའི་ནང་སྲིད་གཞུང་བར་དཔལ་འབྱོར་དང་ཚོང་ལས་མཉམ་ལས་དང་ཚན་རྩལ་བརྗེ་རེས་ཀྱི་འདྲེས་སྦྱོར་ཨུ་ཡོན་ལྷན་ཁང་བཙུགས་ནས་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་པ་དང་། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་འདུས།
ལའེ་ཞི་ཚེས་བཅུ་གསུམ་ཉིན་མཱ་ནཱ་ཀྭ་རུ་འབྱོར་ནས། ནི་ཁཱ་ར་ཀྭ་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། དེའི་སྔོན་ཁོས་ཝེ་ནེ་ཙུའེ་ལཱ་རུ་འཚམས་འདྲི་བྱས། ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་ནི་ཁཱ་ར་ཀྭའི་འགྲུལ་བཞུད་མཇུག་སྒྲིལ་ནས་ཁུ་པཱ་རུ་འཚམས་འདྲི་བྱེད་རྒྱུ་རེད། གོང་གི་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་གསུམ་པོར་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་ཡོད་པ་དང་། དབྱི་ལིང་རང་སྟེང་ལའང་ཨ་མེ་རི་ཁའི་བཀག་སྡོམ་ཐེངས་མང་བོར་ཐེབས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།