མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་བཞི་ཉིན་གྲོས་ཆོད་གཉིས་དྲུག་བརྒྱད་དྲུག་ལ་གྲོས་མཐུན་བཀོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འཁོན་འཛིན་གཏམ་བཤད་དང་རིགས་རྒྱུད་རིང་ལུགས། ཐལ་སྤྱོད་རིང་ལུགས་སོགས་ཀྱི་གཏམ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁོན་འཛིན་གཏམ་བཤད་དང་རིགས་རྒྱུད་རིང་ལུགས། རིགས་རྒྱུད་མཐོང་ཆུང་། ཕྱོགས་འཛིན་སེམས་ཁམས། བཟོད་སྒོམ་མེད་པ། ཕོ་མོའི་མཐོང་ཆུང་། ཐལ་སྤྱོད་རིང་ལུགས་སོགས་གཏམ་སྤྱོད་ལས་འཁྲུག་རྩོད་འབྱུང་སྲིད་པར་ངེས་ཤེས་སྐྱེས་ཡོད་སྟབས། རྒྱལ་ཁབ་སོ་སོས་དྲག་ཤུགས་དང་འཁོན་འཛིན་གྱི་གཏམ་བཤད། ཐལ་སྤྱོད་རིང་ལུགས་བཅས་ལ་སྐུལ་མ་བཏང་སྟེ། བཟོད་སྒོམ་མི་བྱེད་པའི་འདུ་ཤེས་རྣམ་པ་དང་འཁོན་འཛིང་ངན་སྐུལ་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་བཟོད་སྒོམ་དང་ཞི་བདེ་མཉམ་གནས་ཀྱི་བྱེད་ཐབས་བཟང་བོར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་པའི་བྱེད་ཐབས་ཀྱིས་འཁོན་འཛིན་གཏམ་བཤད་དང་ཐལ་སྤྱོད་རིང་ལུགས་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།
དེ་ལས་གཞན་གྲོས་ཆོད་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི་དང་ཆེད་མངག་ཕོ་ཉས་བར་འདུམ་བྱ་བ་སྤེལ་བར་སྐུལ་མ་བཏང་། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པ་དང་ཆབ་སྲིད་ཆེད་མངག་ཚོགས་པས་ཞི་བདེ་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་འཁོན་འཛིན་གཏམ་བཤད་དང་རིགས་རྒྱུད་རིང་ལུགས། ཐལ་སྤྱོད་རིང་ལུགས་སོགས་ཀྱི་གཏམ་སྤྱོད་ལ་ཞིབ་བཤེར་ཚད་འཇལ་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།