ཧྥ་རན་སིའི་ནུབ་ཕྱོགས་ས་ཁུལ་དུ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཚད་རིམ་ལྔ་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་བྱུང་སྟེ། མི་གཅིག་ལ་རྨས་ཕོག་པ་དང་། ཁྱིམ་ཚང་སྟོང་ཕྲག་ལྷག་ལ་གློག་ཆད་པ་རེད།
ཧྥ་རན་སིའི་ཀྲུང་དབྱང་ས་ཡོམ་བརྟག་དཔྱད་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ནི་ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་སོ་བརྒྱད་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཏི་སེ་ཧྥུའུ་ལེ་ཞིང་ཆེན་གྱི་ནེ་ཨོ་ཨར་གྲོང་ཁྱེར་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་དྲུག་གི་མཚམས་རེད།
ཧྥ་རན་སིའི་སྐྱེ་ཁམས་རིམ་སྤོར་དང་རྒྱལ་ཁབ་མངའ་ཁོངས་མཐུན་སྦྱོར་གྱི་པུའུ་ཀྲང་ཁི་ལི་སི་ཐའོ་ཧྥུའུ་པེ་ཞུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། འདི་ནི་ཧྥ་རན་སིའི་རྒྱལ་ཁབ་མངའ་ཁོངས་སུ་ཟིན་ཐོ་ཡོད་པའི་ཚུན་གྱི་ཆེས་ཆེ་བའི་ས་ཡོམ་ཞིག་ཡིན་པ་དང་། མི་གཅིག་ལ་རྨས་ཡང་མོ་ཕོག་ཡོད་ལ། ནུབ་ཕྱོས་ས་ཁུལ་དུ་ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།
ལྷོ་ནུབ་ཕྱོགས་ཀྱི་མཚོ་འགྲམ་དུ་ཡོད་པའི་ཞཱ་ལིང་ཏི་ཞིང་ཆེན་གྱིས་སྤྱི་སྒྲོག་སྤེལ་ཏེ། ས་ཡོམ་ལས་ཁྱིམ་ཚང་སྟོང་གཅིག་དང་བརྒྱར་གློག་ཆད་པ་དང་། མཐོ་གནོན་གློག་སྐུད་ཅིག་ལ་གཏོར་བརླག་ཐེབས་ཡོད་ལ། ཁང་བ་སྐོར་ཞིག་ལ་གས་སྲུབས་བྱུང་ཡོད་ཟེར།
ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཉིས་སྟོང་གཉིས་ལོའི་ཚུན་ལ་ཧྥ་རན་སིའི་མངའ་ཁོངས་ནས་བྱུང་བའི་ཚད་རིམ་ཆེས་དྲག་པའི་ས་ཡོམ་ཞིག་ཡིན། ཧྥ་རན་སི་རྒྱལ་ཁབ་ནས་ཡོམ་ཆུང་བ་མཚམས་ལན་རེར་བྱུང་ཡང་། ཧྥ་རན་སིའི་མངའ་ཁོངས་སུ་ཚད་རིམ་ལྔ་དང་དེའི་ཡན་གྱི་ས་ཡོམ་བྱུང་མྱོང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།