ཧྥེ་ལེ་པེན་གྱི་དཔོན་རིགས་ཀྱིས་ཨ་མེ་རི་ཁའི་ཚབ་ཏུ་ཨ་ཧྥུའུ་ཧན་གྱི་གནས་སྤོར་སྡོད་དམངས་དང་ལེན་བྱེད་པར་ངོ་རྒོལ་དྲག་པོ་བྱས།
2023.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཧྥེ་ལེ་པེན་གྱི་དཔོན་རིགས་མང་བོས་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་གྲོས་གཞི་ཞིག་ལ་ངོ་རྒོལ་དྲག་པོ་བྱས། གྲོས་གཞི་དེ་ལས་ཧྥེ་ལེ་པེན་གྱིས་ཨ་མེ་རི་ཁའི་ཚབ་ཏུ་གནས་སྐབས་སུ་ཨ་མེ་རི་ཁར་ཡོང་བའི་དམིགས་བསལ་གནས་སྤོར་སྡོད་དམངས་ཀྱི་ལམ་ཡིག་ལ་རེ་ཞུ་བྱས་པའི་ཨ་ཧྥུའུ་ཧན་གྱི་མི་དང་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད།

ཧྥེ་ལེ་པེན་གྲོས་ཞུགས་ཁང་གིས་ཉིན་དེར་ཉན་ཞིབ་ཚོགས་འདུ་བསྡུས། ཕྱི་འབྲེལ་པུའུ་ཀྲང་མཱ་ནཱ་ལོ་ཡིས་དྲི་བ་དང་ལེན་བྱེད་སྐབས་བཤད་རྒྱུར། གྲོས་གཞི་དེ་ད་ལོའི་ཟླ་ལྔ་བར་ཧྥེ་ལེ་པེན་གྱི་ཙུང་ཐུང་མཱ་ཁི་སི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་བཏོན་པ་རེད། མི་དེ་དག་ནི་གཙོ་བོ་སྔོན་ཆད་ཨ་ཧྥུའུ་ཧན་ནས་ཨ་མེ་རི་ཁའི་ལས་ཁུངས་ལ་བྱ་བ་བྱས་མྱོང་བའི་ཨ་ཧྥུའུ་ཧན་གྱི་མི་ཡིན་པ་རེད། ཧྥེ་ལེ་པེན་ཕྱོགས་ཀྱིས་གྲོས་གཞི་དེའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་བསྡུར་བྱེད་བཞིན་ཡོད་ལ། ད་རུང་ཆོད་དོན་སྤེལ་མེད་ཟེར།

ཙུང་ཐུང་གཞོན་པ་ཧྲ་ལཱ་ཏུའུ་ཐི་ཨར་ཐི་ཡི་འཐུས་མི་ཞིག་ཉིན་དེར་ཉན་ཞིབ་ཚོགས་འདུར་ཞུགས་སྐབས་བསྟན་དོན། བཅའ་ཁྲིམས་དང་བདེ་འཇགས་ལ་གཞིགས་ནས་བསམ་བློ་བཏང་སྟེ་གྲོས་གཞི་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ཟེར།

གྲོས་ཞུགས་ཁང་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱེ་མཱེ་མཱ་ཁི་སི་ཡིས་ཨ་མེ་རི་ཁས་ཧྥེ་ལེ་པེན་ལ་གནས་སྤོར་སྡོད་དམངས་དེ་དག་དང་ལེན་བྱེད་དུ་འཇུག་པའི་དམིགས་ཡུལ་ལ་དོགས་པ་ཟ་བཞིན་ཡོད་པ་དང་། གལ་ཏེ་ཨ་མེ་རི་ཁའི་རྒྱལ་ཁོངས་སུ་མི་དེ་དག་གནས་སྐབས་སུ་དང་ལེན་བྱེད་པའི་ནུས་པ་མེད་ན། ཁོ་ཚོ་ཀོན་ཏའོ་གླིང་ཕྲན་དང་པའོ་ཏའོ་ལོས་ཀི་སོགས་ཨ་མེ་རི་ཁའི་ཕྱི་རྒྱལ་དུ་ཡོད་པའི་ཁོངས་གཏོགས་ས་ཁོངས་སུ་ཅིའི་ཕྱིར་བཀོད་སྒྲིག་མ་བྱས་པ་ཡིན་ནམ་ཟེར། གྲོས་ཞུགས་ཁང་གི་གྲོས་མི་ཨེ་ཧི་ཞི་ཐའོ་ཡིས་བཤད་རྒྱུར། ཧྥེ་ལེ་པེན་གྱིས་སྲིད་གཞུང་གི་ཐོན་ཁུངས་དེ་ཐོག་མར་རྒྱལ་ཁབ་རང་གི་སྤྱི་དམངས་ཀྱི་ཁེ་ཕན་ཐད་བཀོལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།