མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་འགོག་བཅོས་བྱེད་པའི་སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡི་དཔོན་རིགས་ཀྱིས་ཀྲུང་གོའི་བྱེ་བཅོས་ཉམས་མྱོང་དེ་འཛམ་གླིང་ཡོངས་ཀྱི་ལྷད་མེད་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པའི་ཚུལ་བསྟན།
2023.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནི་འཛམ་གླིང་བྱེ་འགྱུར་དང་ཐན་པའི་འགོག་བཅོས་ཉིན་མོ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡི་ཚན་རྩལ་ལག་རྩལ་རྣམ་གྲངས་ཀྱི་དཔོན་རིགས་ཅཱ་ཞའོ་ཞཱ་ཡིས་ཉེ་སྔོན་ཀྲུང་གོ་ནས་ཐཱ་ཁི་ལཱ་མཱ་ཀན་བྱེ་མའི་གླེང་སྟེགས་ལ་ཞུགས་སྐབས་བསྟན་དོན། ཀྲུང་གོས་འདས་པའི་ལོ་ངོ་བཅུའི་ནང་ཚན་རིག་ལྟར་བྱེ་འགྱུར་བཅོས་སྐྱོར་ལ་སྐུལ་འདེད་བཏང་བ་དང་། ལྗང་མདོག་འགོག་སྒྲིབ་སྲ་བརྟན་དུ་བཙུགས་པར་མ་ཟད། ཕྱོགས་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ། ཀྲུང་གོའི་བྱེ་བཅོས་ཉམས་མྱོང་དེ་འཛམ་གླིང་ཡོངས་ཀྱི་ལྷད་མེད་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཐན་པའི་ས་ཁུལ་གྱི་རྒྱ་ཁྱོན་གྱིས་འཛམ་གླིང་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་གཉིས་ཟིན་ཡོད་ལ། འཛམ་གླིང་ཡོངས་སུ་མི་གྲངས་ཐེར་འབུམ་གསུམ་ཙམ་ས་ཁུལ་དེ་དག་ཏུ་འཚོ་སྡོད་བྱེད་བཞིན་ཡོད། ཐན་པའི་ས་ཁུལ་ལ་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་སླ་བ་དང་། ནམ་ཟླ་ཇེ་དྲོར་འགྲོ་བའི་མྱུར་ཚད་བརླན་ས་ལས་ལྡབ་གཉིས་ཀྱིས་མགྱོགས་པར་མངོན།

ཅཱ་ཞའོ་ཞཱ་ཡིས་ཉེ་སྔོན་ཞིན་ཅང་ཁུའུ་ཨར་ལེ་ནས་སྤེལ་བའི་སྐབས་གསུམ་པའི་ཐཱ་ཁི་ལཱ་མཱ་ཀན་བྱེ་མའི་གླེང་སྟེགས་སྐབས་སུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་འགོག་སྲུང་བྱ་བ་སྤེལ་བ་ཅུང་སྔ་བ་དང་། ཉམས་མྱོང་ཅུང་མང་བོ་ཡོད། དཔེར་ན་ཞིན་ཅང་ནི་ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བའི་ཐན་པའི་ས་ཁུལ་ཡིན་པ་དང་། གནད་འཁེལ་ཞིང་ལས་དང་ཆུ་བོའི་བཞུར་བརྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་། སྡོང་འཛུགས་ནགས་སྐྲུན། ཚད་བརྒལ་གྱི་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ཅིང་། ལོ་བཅུ་ལྷག་གི་སྲུང་སྐྱོབ་སླར་གསོ་བྱས་པ་བརྒྱུད། ས་ཞིང་བྱེ་འགྱུར་བཅོས་སྐྱོང་བྱེད་པའི་ཐད་ནས་ཕན་འབྲས་བླངས་ཡོད་ཟེར།

ཁོ་མོས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་དཔོན་རིགས་དང་ཆེད་མཁས་པས་ལོ་ངོ་སུམ་ཅུ་ལྷག་གི་ཡར་སྔོན་དུ་ཀྲུང་གོར་འཚམས་འདྲི་བྱེད་སྐབས། བྱང་གསུམ་འགོག་སྲུང་ནགས་ཀྱི་ནུས་པ་དང་བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་སླར་གསོའི་གྲུབ་འབྲས་མཐོང་ནས། ཨ་ཧྥེ་རི་ཁ་གླིང་གི་ལྗང་མདོག་ལྕགས་རི་རིང་བོ་འཛུགས་སྐྲུན་བྱེད་རྒྱུ་ཐག་བཅད་པ་རེད། ཀྲུང་གོས་དཔལ་འབྱོར་ཐད་ནས་ཨ་ཧྥེ་རི་ཁ་གླིང་གི་ལྗང་མདོག་ལྕགས་རི་རིང་བོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་ལས་གཞན། ད་རུང་ཚན་རིག་ཞིབ་འཇུག་མི་སྣ་མངག་ནས་ལག་རྩལ་བརྗེ་རེས་བྱས། མིག་སྔར་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་ལྗང་མདོག་ལྕགས་རི་རིང་བོ་འཛུགས་སྐྲུན་བྱེད་པའི་ས་ཁུལ་བར་གཞི་གྲངས་ཆེན་མོའི་དངོས་བཀོལ་དང་འཆར་འགོད་ཀྱི་ལག་རྩལ་མཉམ་ལས་སྤེལ་བ་དང་། འཁོར་སྐར་སོགས་ཀྱི་ཐབས་ལ་བརྟེན་ནས་ལྟ་ཞིབ་ཚད་འཇལ་དང་། འཚོལ་སྡུད། རྩིས་ལེན། གཞི་གྲངས་དབྱེ་ཞིབ་བཅས་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་རང་གི་ས་ཞིང་དང་ནམ་ཟླ་སོགས་ཐད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་རྒྱུས་ལོན་བྱེད་པར་རོགས་རམ་བྱས་ནས། ས་དེའི་བྱེ་འགྱུར་བཅོས་སྐྱོང་ལ་སྐུལ་འདེད་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།