པཱ་ཞིའི་ལྷོ་ཕྱོགས་ཀྱི་ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེའི་དམངས་སྲུང་སྡེ་ཁག་གིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་ནས་བཟུང་མངའ་སྡེ་དེར་དགུན་དུས་ཀྱི་དྲག་རླུང་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔ་གར་སོང་རྙེད་མེད་ཟེར།
དམངས་སྲུང་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེ་རུ་མིག་སྔར་བསྡོམས་པས་གྲོང་ཁྱེར་ཞེ་གཅིག་ལ་གནོད་འཚེ་ཐེབས་ཡོད་པ་དང་། མི་སྟོང་གཉིས་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། གློག་ཤུགས་ཀུང་ཟི་མང་བོས་བསྡོམས་རྩིས་བྱས་པ་ལྟར་ན། དྲག་རླུང་དེ་ལས་ས་དེའི་སྡོད་དམངས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དགུ་ཙམ་ལ་གློག་ཆད་པ་རེད་ཟེར། ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེའི་མགོ་བ་ལའེ་ཐི་ཡིས་བསྟན་དོན། དམངས་སྲུང་དང་མེ་གསོད། དམག་དོན་སྡེ་ཁག་བཅས་ཀྱིས་རྒུད་སྐྱོབ་མི་སྣ་མངག་ཡོད་ལ། ཐོག་མར་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་སྡེ་ཁུལ་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། དེ་ལས་གཞན་པཱ་ཞིའི་མཚོ་དམག་གིས་ཚེས་བཅུ་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། ཐལ་དྲགས་པའི་ནམ་ཟླའི་ཤུགས་རྐྱེན་ཐེབས་པའི་དབང་གིས་གྲུ་བ་བརྒྱད་ཡོད་པའི་ཉ་བདའི་གྲུ་གཟིངས་ཤིག་ཚེས་བཅོ་ལྔ་ཉིན་ཧྲིན་ཁཱ་ཐཱ་ལིན་ནཱ་མངའ་སྡེའི་མཚོ་ཁོངས་ནས་གར་སོང་རྙེད་མེད། མིག་སྔར་མཚོ་དམག་དང་མཁའ་དམག མེ་གསོད་སྡེ་ཁག་བཅས་ཀྱིས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཀྱང་། གྲུ་གཟིངས་དེ་དང་མི་སྣ་རྙེད་མེད་ཟེར།
པཱ་ཞིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དྲག་རླུང་དེ་ནི་ཚ་ཁུལ་གྱི་རླུང་རྒྱུན་ལས་བྱུང་བ་ཡིན་ཞིང་། གཙོ་བོ་ལྷོ་ཕྱོགས་ཀྱི་ལི་ཨོ་ཀི་ལན་ཏི་མངའ་སྡེ་དང་ཧྲིན་ཁཱ་ཐཱ་ལིན་ནཱ་མངའ་སྡེ་ལ་ཤུགས་རྐྱེན་ེབས་ཡོད། པཱ་ཞིའི་ནམ་ཟླའི་བརྟག་དཔྱད་ལས་ཁུངས་ཀྱི་བསྡོམས་རྩིས་ལས་མངོན་པ་ལྟར་ན། མངའ་སྡེ་དེར་དུས་ཚོད་ཉེར་བཞིའི་ནང་ཆར་ཆུའི་འབབ་ཚད་ཧའོ་སྨིད་བརྒྱ་ལས་བརྒལ་ཡོད་པ་དང་། དེའི་ནང་ལི་ཨོ་ཀི་ལན་ཏི་ལྷོ་མ་མངའ་སྡེའི་མཱ་ཅི་ནེ་གྲོང་ཁྱེར་གྱི་ཆར་ཆུའི་འབབ་ཚད་ཧའོ་སྨིད་ཉིས་བརྒྱ་དང་ང་བཞི་ལས་བརྒལ་ཡོད་ཟེར།
གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་བཤད་རྒྱུར། ཚ་ཁུལ་གྱི་རླུང་རྒྱུན་ཇེ་རིང་དུ་སོང་བ་དང་བསྟུན་ནས། པཱ་ཞིའི་ལྷོ་ཕྱོགས་ས་ཁུལ་དུ་དུས་ཡུན་ཐུང་ངུའི་ནང་ནམ་ཟླ་ཇེ་བཟང་དུ་འགྲོ་སྲིད་ཀྱང་། དེའི་རྗེས་ས་ཁྱབ་ཁོངས་ཆེན་པོར་དྲོད་ཚད་ཇེ་དམའ་རུ་འགྲོ་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།