ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་ཕྱིར་རྒོལ་དམིགས་འབེན་མངོན་འགྱུར་བྱུང་མེད་པའི་ཚུལ་བསྟན།
2023.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཚོམས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ་མགོ་འཛིན་པའི་དྲི་བར་ལན་བཏབ། ཁོས་ཝུའུ་ཁི་ལན་གྱི་དམག་དཔུང་གི་ཕྱིར་རྒོལ་གླེང་སྐབས་བསྟན་དོན། ཝུའུ་ཁི་ལན་གྱིས་ས་གནས་གང་རུང་གི་དམིགས་འབེན་མངོན་འགྱུར་བྱུང་མེད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཚུར་རྒོལ་བྱས་པའི་ཚུན་ལ་ཐན་ཁི་འཁོར་ལོ་བརྒྱ་དང་གྱ་དྲུག་དང་རིགས་སྣ་ཚོགས་ཀྱི་ཁྲབ་ལྡན་འཁོར་ལོ་བཞི་བརྒྱ་དང་བཅོ་བརྒྱད་ཀྱི་གྱོང་གུད་བྱུང་ཡོད་པ་དང་། མི་སྣ་དང་བཅས་པའི་གྱོང་གུད་ཉིན་རེ་བཞིན་རྒྱུན་མཐུད་ངང་ཇེ་མང་དུ་འགྲོ་བཞིན་ཡོད། ཁོས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་ནུས་ཅི་ཡོད་བཏོན་ནས་ཨུ་རུ་སིར་འཐབ་འཁྲུག་དེའི་ཁྲོད་འཐབ་ཇུས་ཕམ་ཁ་འབྱུང་དུ་འཇུག་རྩིས་ཡོད་ཀྱང་། ཕྱི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་ཁྲབ་ལྡན་སྒྲིག་ཆས་ཆེ་གྲས་བརྒྱ་ཆའི་སུམ་ཅུར་གཏོར་བརླག་ཐེབས་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ཉེ་འདབས་ཀྱི་རྒྱལ་གཅེས་མཁན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ལྔ་གཏོར་ཐུབ་པ་དང་། ཅི་ཧྥུའུ་གྲོང་ཁྱེར་ལྟེ་གནས་ཀྱི་ཁང་བ་གང་རུང་ཞིག་གཏོར་བཤིག་གཏོང་བར་དཀའ་ཁག་སྤུ་ཙམ་ཡང་མེད་ཀྱང་། ཨུ་རུ་སི་ཡིས་དེ་ལྟར་མ་བྱས། དགྲ་བོའི་ཕྱོགས་ལ་གཡུལ་ས་ནས་རྒྱལ་ཁ་ཐོབ་མེད་པ་དང་། ཁོ་ཚོས་པེ་ཨར་ཀི་ལོ་ཏི་མངའ་སྡེ་དང་ཁི་ལི་མུའུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་ཏེ། ཨུ་རུ་སི་ཡིས་འཁོན་ལན་སློག་པར་རེ་བ་དང་། དེའི་རྗེས་སུ་ཨུ་རུ་སིར་སྐྱོན་འཛུགས་བྱས་ཆོག་པར་རེ་བཞིན་ཡོད་ཟེར།

ཁོས་བཤད་རྒྱུར། ཝུའུ་ཁི་ལན་དང་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་སྔོན་ཆད་ཞི་བའི་བྱེད་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་ལེན་མི་བྱེད་པའི་ཚུལ་བསྟན་མྱོང་། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྒྱུ་དང་ལེན་བྱས་ཡོད་ཀྱང་། ཨ་མེ་རི་ཁའི་ཨུ་རུ་སིའི་བར་གྱི་གྲོས་མོལ་མཚམས་བཞག་སྟེ། ཐད་ཀར་དུ་གྲོས་མོལ་དེ་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པར་བསྒྱུར་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། གལ་ཏེ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཝུའུ་ཁི་ལན་གྱི་མངའ་ཁོངས་གཞན་པའི་མཁའ་དམག་རྟེན་གཞིར་བཀོད་སྒྲིག་བྱས་ན། ཝུའུ་ཁི་ལན་གྱི་དམག་དོན་འགུལ་སྐྱོད་ཁྲོད་བཀོལ་སྲིད། དེས་ན་ཨུ་རུ་སི་ཡིས་གནས་གང་ནས་ཇི་ལྟར་ཨུ་རུ་སིར་དམིགས་པའི་མཚོན་ཆ་དེ་དག་ལ་ཆམ་ཕབ་གཏོང་བར་ཞིབ་འཇུག་བྱས་ན། བྱང་ཆིངས་རྩ་འཛུགས་སྔར་ལས་ལྷག་པའི་སྒོ་ནས་འཁྲུག་རྩོད་དེའི་ནང་ཞུགས་སུ་འཇུག་སྲིད།

ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། གལ་ཏེ་ཨུ་རུ་སིའི་མངའ་ཁོངས་ཆ་ཚང་བ་དང་སྒེར་ཚུགས། བདག་དབང་སོགས་ལ་འཇིགས་ཉེན་ཐེབས་ན། གཞུང་ལུགས་ལྟར་ན་ཉིང་རྡུལ་མཚོན་ཆ་བེད་སྤྱོད་བྱས་ཆོག གནས་ཚུལ་འདི་འདྲའི་འོག ཨུ་རུ་སི་ཡིས་བཀོད་སྒྲིག་བྱས་ཆོག་པའི་སྟོབས་ཤུགས་དང་བྱེད་ཐབས་བཀོལ་ངེས་ཡིན། ཡིན་ཡང་མིག་སྔར་

ཡིན་ཡང་མིག་སྔར་ཨུ་རུ་སི་ཡིས་ཉིང་རྡུལ་མཚོན་ཆ་བཀོལ་བའི་དགོས་པ་མེད་ཟེར། ཁོས་ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོར་ཉིང་རྡུལ་མདེལ་མགོ་སྐོར་ཞིག་བཀོད་སྒྲིག་བྱས་ནས། ལོ་མཇུག་གི་སྔོན་ལ་འཐབ་རྩལ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཡོད་པ་བདེན་དཔང་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།