ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་དུ་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུར་རྨས་ཕོག་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་འགན་ཁུར་བ་ཞིག་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་ལས་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ཅེ་ཀི་ཝ་ཨར་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་བྱུང་བ་དང་། རྒྱལ་ས་དབྱི་སི་ལན་པའོ་ནས་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ལཱ་ཧི་ཨར་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་འགག་ཟྭར་སྐྱོན་བྱུང་བའི་དབང་གིས་ལོག་པ་རེད། འདས་པོའི་གྲས་སུ་བུད་མེད་ལྔ་དང་བྱིས་པ་གསུམ་འདུས། ཉེན་རྟོག་ཕྱོགས་དང་རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་ནས་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཞེ་ལི་ཧྥུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དོན་རྐྱེན་དེའི་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རྨས་མར་གསོ་བཅོས་བྱེད་དགོས་པར་མ་ཟད། དོན་རྐྱེན་དེའི་སྙན་ཞུ་ཞིབ་མོ་སྤྲོད་དགོས་པའི་མཛུབ་སྟོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།